ད་རུང་ བསམ་གྲུབ་ལྗོངས་མཁར་དང་ དབང་འདུས་ཕོ་བྲང་ལུ་ཡང་ གཞུང་ལམ་བསུབས་ནུག།
༉ འདམ་ཆུ་དང་ ཆུ་ཁའི་ཕྲང་ལམ་དེ་ སྤྱི་ཟླ་༧ པའི་ཚེས་༡༨ ལུ་ འགོ་འབྱེད་ཐོག་ སྣུམ་འཁོར་རྒྱུན་འགྲུལ་འཐབ་ནི་ འགོ་བཙུགས་པའི་ཤུལ་ལས་ ཁ་ཙ་ ལམ་སྦོམ་སྦེ་ར་ བསུབས་ཡོདཔ་ཨིན་པས།
ཕྲང་ལམ་དེ་ཡང་ ཆརཔ་རྒྱུན་ཆད་མེད་པར་རྐྱབ་མི་ལུ་བརྟེན་ ལམ་ལྟག་ལས་མར་ རྡོ་ཚུ་བུད་འོངམ་ད་ རྩི་མ་གཤམ་ལུ་ཡོད་མི་ ན་གཞོན་ལམ་བཟང་ལྟེ་བ་འོག་ལས་ ཁ་ཙ་ ཕྱི་རུའི་ཆུ་ཚོད་༤ དང་༤.༣༠ དེ་ཅིག་ཁར་ བསུབས་ཡོདཔ་ཨིན་པས།
ཕྲང་ལམ་དེ་ ཆུ་ཁ་གློག་མེ་ལས་འཛིན་གྱི་ ཆུ་རྫིང་དང་ ཆུ་ཁའི་བར་ན་ ལམ་བསུབས་ཡོདཔ་ལས་ ཐིམ་ཕུག་ལས་ ཕུན་ཚོགས་གླིང་ལུ་ རྒྱུན་འགྲུལ་འཐབ་མི་ སྣུམ་འཁོར་ཚུ་ ཆུ་རྫིང་ས་ཁོངས་ཚུན་ ཕྲང་ལམ་གསརཔ་བདའ་སྟེ་ འགྲོ་འགྲུལ་འབད་ཚུགས་དོ་ཡོདཔ་ཨིན་རུང་ ལམ་དེ་ཁ་ལས་ ཀི་ལོ་མི་ཊར་༤ ཁ་ཡར་ལྟག་སྟེ་ རྩི་མ་གཤམ་ཚུན་ རྒྱུན་འགྲུལ་འཐབ་པའི་ཤུལ་ལུ་ ཆུ་ཁ་ཚུན་ གཞུང་ལམ་རྙིངམ་བདའ་སྟེ་ འགྱོ་དགོ་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཕུན་ཚོགས་གླིང་ལས་ ཐིམ་ཕུག་ཁ་ཐུག་ལུ་འོང་མི་ སྣུམ་འཁོར་ཚུ་ཡང་ གཞུང་ལམ་རྙིངམ་བདའ་སྟེ་ རྩི་མ་གཤམ་ཚུན་ འོང་དགོ་པའི་ཁར་ དེ་ཁ་ལས་ ཁ་མར་བལྟ་སྟེ་ ཆུ་རྫིང་ས་ཁོངས་བརྒྱུད་དེ་ ཕྲང་ལམ་དང་ མཐུད་སྦྲེལ་འབདཝ་ཨིན་པས།
རྩི་མ་གཤམ་གྱི་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་ ཁ་ཙ་ ཕྲང་ལམ་བསུབས་མི་དེ་ སེལ་མ་ཚུགས་པར་ཡོད་ཟེར་ བཤད་ཡོདཔ་ད་ ལམ་ལྟག་ལས་ རྡོ་ཚུ་བུད་འོང་ཡི་ར་ སྡོད་མི་ལུ་བརྟེན་ ཌཱན་ཊག་ལས་འགུལ་གྱི་ ལས་མི་ཚུ་གིས་ ལམ་སེལ་མ་ཚུགས་པས།
གལ་སྲིད་ གནམ་གཤིས་གནས་སྟངས་དེ་ ད་རེས་ ལེགས་ཤོམ་འགྱོ་བ་ཅིན་ ལས་འགུལ་དེ་གིས་ ལམ་སེལ་ནི་ འགོ་བཙུགས་འོང་ཟེར་ཨིན་པས།

ད་རུང་ དབང་འདུས་ཕོ་བྲང་དང་ བསམ་གྲུབ་ལྗོངས་མཁར་ལུ་ གཞུང་ལམ་བསུུབས་ཡོད་མི་དེ་ཡང་ ཁ་ཙ་ ཕྱི་རུའི་ཆུ་ཚོད་༥.༣༠ དེ་ཅིག་ཁར་ བསམ་གྲུབ་ལྗོངས་མཁར་ནར་ཕུང་གི་ལྟག་ལུ་ གཞུང་ལམ་བསུབས་མི་ལུ་བརྟེན་ སྣུམ་འཁོར་༡༠༠ ལྷགཔ་ཅིག་ བསམ་གྲུབ་ལྗོངས་མཁར་དང་ བཀྲིས་སྒང་ཁ་ཐུག་གི་ གཞུང་ལམ་ཕྱོགས་༢ ཆ་རའི་ལས་ ཐོགས་ལུས་ཡོདཔ་ཨིན་པས།
ནར་ཕུང་ལས་ ཀི་ལོ་མི་ཊར་༥ དེ་ཅིག་གི་ས་གནས་ ཊིག་ཤིང་རི་ལུ་ ས་རུད་སྦོམ་སྦེ་ ཆད་མི་དེ་གིས་ ལམ་བསུབས་ཡོདཔ་ད་ ཁ་ཙ་ཕྱི་རུ་ ས་རུད་ཆད་བཞིན་དུ་ཡོདཔ་ལས་ གཞུང་ལམ་དེ་ ད་རིས་ཡང་ ག་དེ་སྦེ་ སེལ་ཚུགས་ག་ སླབ་མི་ཤེས་པས་ཟེར་ ས་གནས་དེ་ཁར་ཡོད་མི་ཚུ་གིས་ བཤདཔ་ཨིན་པས།
དེ་མ་ཚད་ ནོརབུ་སྡིངས་དང་ དབང་འདུས་ཕོ་བྲང་གི་བར་ན་ ས་གནས་ཁྱི་ལས་ཁ་ལུ་ ཆར་ཆུ་གིས་ འཁོར་ལམ་གྱི་གནས་སྟངས་ སྐྱོ་དྲགས་བཟོ་དཔ་ལས་ སྣུམ་འཁོར་ཆེ་བ་ཚུ་ རྒྱུན་འགྲུལ་འཐབ་ནི་ བཀག་ཆ་འབད་ཡོདཔ་མ་ཚད་ ཆརཔ་དེ་ འཕྲོ་མཐུད་དེ་ར་ རྐྱབ་པ་ཅིན་ སྣུམ་འཁོར་ཆུང་བ་ཚུ་ཡང་ འགྲོ་འགྲུལ་འབད་ནི་ལས་ བཀག་ཆ་འབད་འོང་ཟེར་ ཁྲིམས་སྲུང་འགག་སྡེའི་ མི་སྡེ་བརྡ་བརྒྱུད་ནང་ བཀོད་ཡོད་པའི་གནས་ཚུལ།
སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།