༉ གོང་ཚད་ལེགས་ཤོམ་མེད་མི་དང་ ཨ་ལཱན་ཅི་ལྕངམ་ཚུ་ ཤི་མི་ལུ་བརྟེན་ ཡོངས་གྲགས་ལུ་ རྡོ་རོ་ཁ་ཟེར་སླབ་མི་ རྡོ་ཕུག་ཅན་གྱི་ སོ་ནམ་པ་ཚུ་གིས་ ལོག་སྟེ་ར་ གེ་ཟ་འཛུགས་སྐྱོང་འབདཝ་ཨིན་པས།
སོ་ནམ་པ་ཚུ་གིས་ ཧེ་མ་ཚར་ཅིག་ གེ་ཟའི་ལཱ་འབད་ནི་ བཤོལ་བཞག་ཐོག་ལས་ དངུལ་ཐོག་ཨ་ལཱན་ཅི་ འཛུགས་སྐྱོང་འབད་ཡོདཔ་ཨིན་པས།
ལོ་༢ ཀྱི་ཧེ་མར་ ནམ་ཆུ་གཡུས་ཚན་ལས་ སྐྱེས་ལོ་༢༤ ལང་མི་ ཚེ་བརྟན་གྱི་ ཁྱིམ་མཐའ་སྐོར་ལུ་ ཨ་ལཱན་ཅི་ཚུ་ མཐོང་ནི་ཡོདཔ་མ་ཚད་ ཁོ་རའི་ ཚོད་བསྲེ་ལྡུམ་ར་ནང་ཡང་ ཨ་ལཱན་ཅི་འཛུགས་སྐྱོང་འབད་ཡོདཔ་ཨིན་པས།
ཁོ་གིས་ ལོ་༤ གི་རིང་ ཨ་ལཱན་ཅིའི་ ལཱ་འབད་རུང་ ཐོན་སྐྱེན་ལེགས་ཤོམ་མེད་མི་ལུ་བརྟེན་ དུས་ཅི་ ཨ་ལཱན་ཅི་མང་ཤོས་ར་ ར་འབལ་བཏང་ཡི་ཟེར་ཨིནམ་ད་ མི་ཚུ་གིས་ ཨ་ལཱན་ཅི་ལས་ འོང་འབབ་ལེགས་ཤོམ་བཟོ་སར་མཐོང་སྟེ་ ཁོ་གིས་ཡང་ ཨ་ལཱན་ཅི་འཛུགས་སྐྱོང་འབད་ཡོད་རུང་ ད་རེས་ནངས་པར་ ཁུངས་མིན་འདུག་ཟེར་ བཤདཔ་ཨིན་པས།
མ་ནེ་གཱོན་གཡུས་ཚན་ནང་ སྐྱེས་ལོ་༥༦ ལང་མི་ ཇིམ་ཀི་མ་ཡ་གུ་རུང་གིས་ཡང་ ཨ་ལཱན་ཅིའི་ ལཱ་འབད་ནི་ མཚམས་འཇོག་འབད་དེ་ དུས་ཅི་ལས་ ཞིང་ཆ་མཉམ་ནང་ གེ་ཛ་འཛུགས་སྐྱོང་འབད་ནུག།
མོ་གིས་འབད་བ་ཅིན་ འདས་པའི་ལོ་༤ དང་༥ འི་རིང་ མོ་གིས་ ཨ་ལཱན་ཅི་བཙོང་སྟེ་ འོང་འབབ་དངུལ་ཀྲམ་༡༠༠,༠༠༠ དེ་ཅིག་ བཟོ་ཡོདཔ་ཨིན་རུང་ ཨ་ལཱན་ཅིའི་ ལཱ་འབདཝ་ད་ ཟད་འགྲོ་ཡང་ དངལ་ཀྲམ་འབུམ་༡ དེ་ཅིག་ ཡར་སོ་ཡི་ཟེར་ཨིན་པས།
སོ་ནམ་པ་གཞན་ཅིག་གིས་ སླབ་མིའི་ནང་ མི་ཚུ་གིས་ ཨ་ལཱན་ཅིའི་ ལཱ་འབད་ནི་དེ་ ཟད་འགྲོ་ལྕི་དྲགས་དང་ ལཱ་ལྟོ་ཆག་དོ་ཡོདཔ་ལས་ སོ་ནམ་གྱི་ལཱ་གཞན་ དཔེར་ན་ ལོ་ཐོག་གེ་ཟ་དང་ མོནམ་བྱཱ་ དཀར་ པར་དཀར་ འབྱ་ཚུ་བཏབ་དགོཔ་འདུག་ཟེར་ཨིན་པས།
གྲོང་གསེབ་མི་སེར་ ཨྱོན་ཚེ་རིང་གིས་འབད་བ་ཅིན་ དངུལ་ཐོག་ཚུ་གི་གྲས་ལས་ ཨ་ལཱན་ཅི་གིས་ སྤྱི་ལོ་༢༠༡༢ དང་༢༠༡༤ འི་བར་ན་ དངུལ་ཐོག་གཞན་ཚུ་དང་ཕྱདཔ་ད་ གོང་ཚད་ལེགས་ཤོམ་ ཐོབ་པའི་ཤུལ་ལས་ ལོ་བསྟར་བཞིན་དུ་ མར་བབས་སོང་ཡོདཔ་མ་ཚད་ ནད་འབུབ་ཚུ་ལུ་བརྟེན་ ཐོན་སྐྱེད་ཡང་ མར་བབས་སོ་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གཞུང་གིས་ ཨ་ལཱན་ཅི་ འཛུགས་སྐྱོང་དང་ ནད་འབུབ་ཚུ་གི་སྐོར་ལས་ དམིགས་བསལ་གྱི་ བརྟག་ཞིབ་འབད་སར་ མ་མཐོང་ཟེར་ཨིན་པའི་གནས་ཚུལ།

ཇིམ་ཀི་མ་ཡ་གུ་རུང་དེ་ མོ་གི་ གེ་ཟ་ཞིང་ནང་ ལཱ་འབད་བའི་བསྒང་།