༉ གཞུང་གསརཔ་དབུ་བརྙེས་ཏེ་ ཧ་ལམ་ ཟླཝ་ལང་ནི་འབད་རུང་ ལོ་ལྔའི་འཆར་གཞི་༡༢ པ་དེ་ ད་ལྟོའི་བར་ན་ཡང་ ཆ་འཇོག་མ་གྲུབ་པར་ཡོདཔ་ལས་ གཞུང་སྐྱོང་གི་ གནས་ཡུན་སྐབས་ གོང་འཕེལ་ལས་སྣ་ཚུ་ ག་དེ་སྦེ་ མཇུག་བསྡུ་ཚུགས་འོང་ག་ཟེར་ མི་མང་ཤོས་ཅིག་གིས་ རྩོད་འགྲན་དང་ བསམ་བཤད་འབད་ནི་ འགོ་བཙུགས་ནུག།
དེ་ཡང་ འཆར་གཞི་༡༢ པ་དེ་ དུས་ཅི་ སྤྱི་ཟླ་༧ པའི་ཚེས་༡ ལས་ འགོ་བཙུགས་དགོཔ་ཨིན་རུང་ འདས་པའི་གཞུང་གི་ ལོ་ལྔའི་གནས་ཡུན་མ་ཚང་མི་དང་ གཞུང་རྩ་གྲོལ་སོང་པའི་ཤུལ་ལུ་ སྤྱི་ཟླ་༨ པ་ལས་འགོ་བཙུགས་ དུས་ཡུན་ཟླ་ངོ་༣ གྱི་རིང་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་དང་ སྤྱིར་བཏང་བཙག་འཐུ་ འགོ་འདྲེན་འཐབ་གོཔ་ བྱུང་མི་ལུ་བརྟེན་ ལོ་ལྔའི་འཆར་གཞི་༡༢ པ་དེ་ ཟླཝ་༦ ཕྱིར་འགྱངས་ལུས་ཡོད།
གཞུང་གསརཔ་དེ་ བློན་ཆེན་གྱིས་གཙོས་པའི་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་དང་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་ཚུ་གིས་ སྤྱི་ཟླ་༡༡ པའི་ཚེས་༧ ལུ་ བདག་རྐྱེན་ཞུ་བའི་ཉིནམ་ལས་ དབུ་བརྙེས་ཡོདཔ་བཞིན་དུ་ མི་མང་གི་དོན་ལུ་ ཁག་ཆེ་ཤོས་ཅིག་ཨིན་མི་ འཆར་གཞི་༡༢ པ་དེ་ ཆ་འཇོག་འགྲུབ་ནིའི་དོན་ལུ་ སྤྱི་ཚོགས་ཀྱིས་ ཐག་བཅད་དགོཔ་ཨིན་རུང་ རང་ཟླ་༡༠ པ་འདི་ ཟླ་ནག་ཕོག་མི་ལུ་བརྟེན་ རྒྱལ་ཁབ་ནང་ གྲོས་ཐག་བཅད་མི་ གཙུག་སྡེ་མཐོ་ཤོས་ དབུ་འཕང་མཐོ་བའི་ རྒྱལ་ཡོངས་ཚོགས་འདུ་དེ་ དབུ་འཛུགས་འབད་མ་ཚུགས་པར་ཡོདཔ་ཨིན།
ཟླ་ནག་ལུ་བརྟེན་ གོང་འཕེལ་གྱི་ ལས་སྣ་དང་ གལ་གནད་ཆེ་བའི་ གྲོས་ཐག་བཅད་ནི་ཚུ་ རྟེན་འབྲེལ་ལེགས་ཤོམ་མེནམ་ཨིནམ་ད་ འབྲུག་མི་ཡོངས་ཀྱིས་ ཧ་གོཝ་མ་ཚད་ གཞུང་གི་ཁས་བླངས་ཚུ་ འཆར་གཞི་ལས་རིམ་ཚུ་ནང་ ཆ་མཐུནམ་སྦེ་ མཉམ་སྡེབ་འབད་ནིའི་དོན་ལུ་ ཕྱག་ལཱ་གནང་པའི་བསྒང་ཡོད་མིའི་སྐོར་ལས་ཡང་ ཤེས་རྟོགས་ཡོད་རུང་ མི་སེར་ལུ་མཁོ་བའི་ ལས་སྣ་ཚུ་ འགོ་བཙུགས་ནི་ལུ་ གཟའ་སྐར་འཕྲོད་སྦྱོར་དང་ རྟེན་འབྲེལ་ལེགས་ཤོམ་མིན་འདུག་ཟེར་ བསྣར་འགྱངས་བཞག་མི་ལུ་ ཡིད་ཆེས་འདྲོངས་མ་ཚུགས་པས།
མ་གཞི་ བྱ་བ་ལམ་འགྲོ་དང་ ལས་སྣ་ག་ཅི་ར་ འགོ་བཙུགས་རུང་ འགྲོ་བའི་མགོན་པོ་ གཙང་པ་རྒྱ་རས་ཀྱི་ཞལ་ལས་ ལེགས་པའི་ཕྱོགས་སུ་ རྟེན་འབྲེལ་བཟང་པོ་འགྲིག། །ཕུན་སུམ་ཚོགས་པ་རང་གིས་བྱེད་པས་ཆོག། ཟེར་ གསུངས་དོ་བཟུམ་ ང་བཅས་རའི་ རྒྱལ་ཁབ་ནང་ རྟེན་འབྲེལ་ལུ་ མངའ་བརྙེས་དགོཔ་ལས་ རྟེན་འབྲེལ་ལེགས་ཤོམ་སྦེ་བརྩིས་ མཇུག་བསྡུ་དགོཔ་ཨིན་རུང་ ཟླ་ནག་ལུ་ ཧད་འཕུལ་ཐོག་ལས་ གཙོ་རིམ་བཟུང་དགོཔ་ཡོད་མི་ ལས་སྣ་གཞན་ཚུ་ བསྣར་འགྱངས་སྦེ་ བཞག་ནི་དེ་ འོས་ལྡན་ཅིག་ མི་མཐོངམ་མས།
བློན་ཆེན་གྱིས་ གཞུང་གི་ཕྱག་འགན་བཞེས་པའི་ ཉིནམ་དང་པའི་ནང་ར་ གནས་ཚུལ་ཞལ་འཛོམས་འཚོགས་གནངམ་ད་ བརྡ་བརྒྱུད་ཐོག་ལས་ མི་མང་ལུ་ གཞུང་གི་ཧོངས་ལས་ ཕྱག་ལཱ་འགོ་བཙུགས་ཏེ་ཡོད་ཟེར་ གསུངས་ཡོདཔ་བཞིན་དུ་ ཉིནམ་དེ་ནང་ལས་ གཞུང་གིས་ ཉིན་གྲངས་༡༢༠ ནང་ ཁས་བླངས་ཁག་༢༥ འགྲུབ་ཐབས་འབད་ནིའི་ དུས་ཡུན་ཡང་ འགོ་བཙུགས་ཡོདཔ་ཨིན་རུང་ ད་ལྟོ་ སྤྱི་ཚོགས་ར་ འགོ་མ་བཙུགས་པར་ཡོདཔ་ལས་ ཁས་བླངས་ཚུ་ ག་དེ་སྦེ་ འགྲུབ་འོང་ག་ཟེར་ ལ་ལོ་ཅིག་གིས་ དྲི་བཀོད་ཡང་འབདཝ་མས།
མི་སེར་ཚུ་གི་དོན་ལུ་ འཆར་གཞི་༡༢ པ་དེ་ བསྣར་འགྱངས་མ་བཞག་པར་ ཆ་འཇོག་ཐོག་ ལག་ལེན་འགོ་བཙུགས་ནི་དང་ གདོང་ལེན་བྱུང་མི་ཚུ་ སེལ་དགོཔ་བཞིན་དུ་ གཞུང་གིས་ གཙོ་རིམ་བཟུང་དགོཔ་ཡོད་མི་དེ་ཡང་ ལཱ་གཡོག་མེད་མི་དང་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་ དེ་ལས་ ན་ཆུང་ཚུ་ལུ་ འདོད་སྤྱོད་དང་འབྲེལ་བའི་ རྩུབ་སྤྱོད་དང་ གནོད་འཚེ་འབད་མི་ མི་མང་གི་ གཟུགས་ཁམས་འཕྲོད་བསྟེན་དང་ དངུལ་ཐོག་ཨ་ལཱན་ཅི་ལ་སོགས་པའི་ དཀའ་ངལ་ཚུ་ གང་མགྱོགས་སེལ་ཐབས་མཛད་དགོ།
འདི་འབདཝ་ལས་ གཞུང་གིས་ རྟགས་དང་རྟེན་འབྲེལ་ལུ་ བརྩི་མཐོང་བསྐྱེདཔ་དང་གཅིག་ཁར་ མི་མང་ལུ་ འཕྲལ་མཁོའི་ལས་སྣ་ཚུ་ གཟའ་སྐར་འཕྲོད་སྦྱོར་ལེགས་ཤོམ་ལུ་ བསྒུག་ནི་མེན་པར་ གཙོ་རིམ་བཟུང་ཐོག་ལས་ ཉིན་གྲངས་༡༢༠ ནང་འཁོད་ཀྱི་ ཁས་བླངས་ཚུ་ འགྲུབ་ནི་དང་ འཆར་གཞི་༡༢ པའི་ལས་སྣ་ཚུ་ཡང་ འགོ་བཙུགས་གནང་དགོཔ་དེ་ ཧ་ཅང་གིས་གལ་ཆེ།
Check Also
འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།
༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …