རྟ་ལོག་རྒཔོ་བགྲེསཔ་ལུ་ གླ་འཐུས་རྫུས་མ་བཟོ་བའི་ ཉེས་ཁྲིམས་བཀལ་ཡོདཔ།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྟ་ལོག་གི་རྒཔོ་བགྲེསཔ་ ཀུན་ལེགས་ལུ་ གཞུང་དངུལ་ལྐོག་ཟ་དང་ ཉིན་བསྟར་གྱི་ གླ་འཐུས་དོན་ལུ་ ཐོ་དེབ་མ་ཡིག་རྫུས་མ་བཟོ་བའི་སྐོར་ལས་ ཉེས་འཛུགས་ཁག་གཉིས་བཀལ་མི་དེ་ སྤུ་ན་ཁ་རྫོང་ཁག་ཁྲིམས་འདུན་གྱིས་ ལྐོག་ཟའི་ཉེས་འཛུགས་ ཕྱིར་འབུད་འབད་དེ་ ཉིན་འཐུས་དོན་ལུ་ མ་ཡིག་རྫུས་མ་བཟོ་མི་ལུ་ ཉེས་པ་ཡང་ཕྲའི་ ཉེས་ཁྲིམས་བཀལ་ཡོདཔ་ཨིན་པས།
དངུལ་ལྐོག་ཟའི་ ཉེས་ཁྲིམས་བཀལ་མི་ལུ་ བདེན་ཁུངས་མེད་རུང་ གཡུས་མི་༤ གི་མིང་ཐོ་ཁར་ གླ་འཐུས་རྫུས་མ་བཟོ་ཡོདཔ་ལས་ རྒཔོ་བགྲེསཔ་ལུ་ བཙོན་ཁྲིམས་ཟླཝ་༣ བཀལ་ཡོདཔ་ཨིན་པས།
བྱུང་རྐྱེན་དེ་ཡང་ སྤྱི་ལོ་༢༠༡༦ ཟླ་དང་པའི་ཚེས་༡ ལུ་ རྟ་ལོག་དང་ ལབ་རྩ་ཁ་སྤྱི་འོག་གི་ གྲོང་གསེབ་འཐུང་ཆུ་ བཀྲམ་སྤེལ་ལས་འགུལ་གྱི་མ་དངུལ་ ལྷག་ལུས་མི་དེ་ ལཱ་ངོ་མ་ མ་འབད་རུང་ མི་ངོམ་༤ གི་མིང་ཐོ་ཁར་ དངུལ་ཀྲམ་༣༦,༡༠༤ གི་རྩིས་ ཉེས་འཛུགས་ཅན་ཁོ་ར་གིས་ མི་ངོམ་ཚུ་གི་ ལག་རྗེས་རྫུས་མ་རྐྱབ་སྟེ་ ལཱ་གཞན་གྱི་དོན་ལུ་ ཟད་འགྲོ་བཏང་ཡོད་མི་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་༢༠༠༤ ཅན་མའི་ དོན་ཚན་༢༩༧ ང་པ་དང་ འགལ་ཡོདཔ་ལས་ ཁྲིམས་དེབ་དེའི་དོན་ཚན་༢༩༧ པ་དང་འཁྲིལ་ ཉེས་ཁྲིམས་སྨིན་དགོཔ་སྦེ་ ཞུ་བ་འབད་ནུག།
དེ་མ་ཚད་ དངུལ་ཀྲམ་༣༦,༡༠༤ མི་ངོམ་ཚུ་ལུ་མ་བྱིན་པར་ རྒཔོ་བགྲེསཔ་ཁོ་ར་གིས་ ལྐོག་ཟ་འབད་ནུག་ཟེར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་བཅའ་ཁྲིམས་༢༠༡༡ ཅན་མའི་ དོན་ཚན་༥༢ པའི་ དང་པའི་ཀ་པ་དང་ དོན་ཚན་༥༢༩ གཉིས་པ་དང་འཁྲིལ་ ཉེས་ཁྲིམས་སྨིན་དགོཔ་སྦེ་ ཉེས་འཛུགས་ཁག་༢ འབད་ཡོདཔ་ཨིན་པས།
རྩོད་བཤེར་འབད་བའི་སྐབས་ ཉེས་ཅན་ཀུན་ལེགས་ཀྱིས་ ཁོ་ར་ རྟ་ལོག་གི་རྒཔོ་སྦེ་ སྡོད་པའི་སྐབས་ ཁོ་གིས་ ཉེན་ཁ་ཆུང་ཀུ་རེ་འབག་སྟེ་ མི་སྡེ་ལུ་ཕན་པའི་ ཞབས་ཏོག་དོན་ལུ་ ས་གནས་ཀྱི་ཚོགས་པ་དང་ གྲོས་བསྟུན་འབད་དེ་ ཁོ་རའི་སྤྱི་འོག་གི་ འཐུང་ཆུའི་མ་དངུལ་ལས་ ལྷག་ལུས་དུམ་གྲ་ཅིག་ཐོན་མི་དེ་ མི་ངོམ་༤ གི་མིང་ཐོ་ཁར་ ཉིན་འཐུས་སྤྲོད་སྤྲོདཔ་སྦེ་ བཟོ་ཞིནམ་ལས་ ཁོ་རའི་སྤྱི་འོག་གི་ གུང་པ་༥ ལུ་ཕན་པའི་ སོ་ནམ་ཞིང་ལམ་སེལ་བའི་སྐབས་ ཆོས་རྒྱལ་ཟེར་མི་གི་ ས་ཆ་ནང་ལས་ ཚུད་ནི་དེ་གིས་ སའི་རྒུད་འཐུས་སྦེ་ དངུལ་ཀྲམ་༡༨,༠༠༠ བྱིན་དགོཔ་ཐོན་མི་དེ་ རྩ་བོ་༥ ལས་བསྡུ་བའི་སྐབས་ དངུལ་ཀྲམ་༡༠,༠༠༠ ལས་བརྒལ་ ཐོན་མ་ཚུགསཔ་ལས་ ལྷག་ལུས་དངུལ་ཀྲམ་༨,༠༠༠ བྱིན་དགོཔ་ཐོན་ཡི་ཟེར་ཞུ་ནུག།
དེ་མ་ཚད་ ལམ་དེ་གིས་ ད་རུང་ དབང་མོ་ཟེར་མི་ལུ་ཡང་ གནོད་པ་བྱུང་ནི་དེ་གིས་ མོ་ལུ་ཡང་ དངུལ་ཀྲམ་༦,༥༠༠ སྤྲོད་དེ་ ཉོ་བྱིན་དགོཔ་ཐོན་ཡི་ཟེར་ ཞུ་ཡོདཔ་ད་ ད་རུང་ ཆུ་རྐ་ཉམས་བཅོས་དོན་ལུ་ དངུལ་ཀྲམ་༡༢,༠༠༠ ས་གནས་ཀྱི་ཚོགས་པ་ལུ་ སྤྲོད་པའི་ལྷག་ལུས་ དངུལ་ཀྲམ་༩,༦༠༠ པོ་དེ་ རྡོ་སེཕ་ཊི་༡༣ ཉོ་སྟེ་ ཁྱིམ་གུང་པ་༢ ཀྱི་བར་ན་ བྱ་སྟབས་མ་བདེཝ་ཡོད་མི་དེ་ སེལ་ཐབས་ལུ་དམིགས་ཏེ་ སྤྱི་འོག་ཚོགས་པ་གིས་ དཀའ་ངལ་སེལ་གནང་ཟེར་ སླབ་བཞིན་དུ་ འབད་ཡི་ཟེར་ཞུ་ནུག།
རྒཔོ་བགྲེསཔ་གིས་ ཁྱིམ་གུང་པ་༥ གི་ ཆུའི་དཀའ་ངལ་བསལ་ནིའི་དོན་ལུ་ མ་དངུལ་ལོགས་སུ་མེདཔ་ལས་ ཁོང་གི་ཕན་ཐབས་ལུ་དམིགས་ཏེ་ ཐབས་ཤེས་བཏོན་ཞིནམ་ལས་ མ་དངུལ་ཚུ་ མི་ངོམ་༤ ལུ་ གླ་ཆ་སྤྲོད་ཡོདཔ་སྦེ་ རྫུས་མ་བཟོ་མི་དེ་ཡང་ མནོ་བསམ་ངན་པའི་ཐོག་ལས་ རང་དོན་ལུ་མེན་པར་ མི་སེར་གྱི་མཐའ་དོན་ལུ་དམིགས་ཏེ་ འབད་ཡི་ཟེར་ཞུ་ཡོདཔ་ཨིན་པས།
རྒཔོ་གིས་ ཁྱིམ་གུང་པ་༥ གི་དོན་ལུ་ ལཱ་འབད་བའི་སྐབས་ཀྱི་ ཟད་གྲོ་བཏང་ཡོད་པའི་འབྱོར་རྟགས་ཚུ་ ཁྲིམས་འདུན་ལུ་ ཕུལ་ཡོདཔ་ལས་ ཉེས་འཛུགས་དེ་ལུ་ ཁྲིམས་འདུན་གྱིས་ དབྱེ་དཔྱད་འབད་བའི་སྐས་ བདེན་ཁུངས་མེད་པའི་ཁར་ ཟད་འགྲོ་དེ་ མི་སེར་གྱི་དོན་ལུ་ བཏང་ཡོདཔ་མ་ཚད་ མི་ངོམ་དང་ཚོགས་པ་ཚུ་ལུ་ དྲི་དཔྱད་འབད་བའི་སྐབས་ མ་དངུལ་དེ་ གཞུང་དོན་ལུ་ ཟད་འགྲོ་བཏང་ཡོདཔ་སྦེ་ ཐོན་པའི་ཤུལ་ལས་ ཁྲིམས་འདུན་གྱིས་ དངུལ་ལྐོག་ཟའི་ཉེས་འཛུགས་ བཀལ་ཐབས་མིན་འདུག་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
ཁྲིམས་འདུན་གྱིས་ དབྱེ་ཞིབ་འབད་བའི་སྐབས་ གླ་འཐུས་རྫུས་མའི་ནང་ མིང་ཐོ་བཀོད་མི་༤ གིས་འབད་རུང་ ཉོགས་བཤད་སོགས་ག་ནི་ཡང་ བཀོད་དེ་མེད་པའི་ཁར་ རྒཔོ་བགྲེསཔ་ཁོ་ལུ་ ཧེ་མ་ དེ་བཟུམ་མའི་ བྱ་ངན་འབད་བའི་ བརྗོད་ཐོ་མེདཔ་ལས་ གླ་འཐུས་རྫུས་མ་བཟོ་མི་ལུ་ འབྲུག་གི་ཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ ཁྲིམས་དེབ་ལྟར་ ཉེས་ཁྲིམས་ཟླཝ་༣ བཀལ་ཡོད་མི་དེ་ ཁྲིམས་འཐུས་བཏབ་ཆོག་ནི་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *