༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཐིམ་ཕུག་ལུ་ གཞུང་ས་ཚུལ་མིན་ཐོག་ལས་ སྒེར་ཁྲམ་ནང་ སྤོ་སོར་འབད་བའི་ ཉོགས་བཤད་ལུ་ ཞིབ་དཔྱད་འབད་དེ་ ཉེས་བཤེར་གྱི་དོན་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་བཏང་སྟེ་ ལོ་༡ ལྷགཔ་ཅིག་གི་ཤུལ་ལས་ ཁ་ཙ་ ལྕང་གི་ རྒཔོ་བགྲེསཔ་༢ བརྩིས་ཏེ་ མི་༡༡ ལུ་ ཉེས་འཛུགས་འབད་དེ་ རྫོང་ཁག་ཁྲིམས་ཀྱི་འདུན་སར་ བཤེར་ཡིག་བཙུགས་ཅི།
དེ་ཡང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ལྕང་རྒེད་འོག་གི་ རྒཔོ་བགྲེསཔ་གནག་ཀུ་དང་ རྒཔོ་བགྲེསཔ་དཀོན་མཆོག་༢ ལུ་ གཞུང་ས་ཧམ་འཛུལ་འབད་ནིའི་དོན་ལུ་ ནང་གན་རྫུས་མ་བཟོ་བའི་ ཉེས་འཛུགས་ཁག་༣ རེ་ བཀལ་ཡོདཔ་མ་ཚད་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་ ས་ཁྲམ་མདོ་ཆེན་འོགམ་བགྲེསཔ་ ཚེ་དབང་རྒྱལ་མཚན་ལུ་ ནང་གསུག་ལེན་པའི་ ཉེས་འཛུགས་དང་ ཁོ་གི་གནས་ཚང་ བདེ་ཆེན་གཡུ་སྒྲོན་ལུ་ གན་ཡིག་རྫུས་མ་བཟོ་མི་དང་ གཞུང་ས་བདག་བཟུང་ཐོག་ ཉོ་བཙོང་འཐབ་པའི་ ཉེས་འཛུགས་བཀལ་ནུག།
ཁ་ཉེས་ཕོག་མི་ རྣམ་རྒྱལ་ལུ་ ནང་གན་རྫུས་མ་བཟོ་བའི་ ཉེས་འཛུགས་ཁག་༢ དང་ གཞུང་ས་ཚུལ་མིན་ཐོག་ ཉོ་བཙོང་འཐབ་པའི་ཉེས་འཛུགས་ དེ་ལས་ ནང་གསུག་སྤྲོད་པའི་ ཉེས་འཛུགས་དང་ སའི་ཚོང་འབྲེལ་གྱི་ གན་ཡིག་བཟོ་མིའི་ནང་ རྣམ་རྒྱལ་གྱི་ རྒྱབ་མི་འབད་མི་ ཚོགས་པ་བགྲེསཔ་ བཙན་སྐྱོགས་ལུ་ཡང་ ཡིག་ཆ་རྫུས་བཟོའི་ ཉེས་འཛུགས་འབད་ནུག།
དེ་ལས་ རྩོད་ཟླ་གཞན་ རྒྱལ་མཚན་དང་ བརཔ་ཀུན་དགའ་ རྟ་མགྲིན་སྲིད་ཐུབ་ རྣམ་རྒྱལ་ བུ་དར་ཚུ་ལུ་ ཡིག་ཆ་རྫུས་བཟོའི་ ཉེས་འཛུགས་འབད་ཡོད་མི་དེ་ཡང་ ཁོང་གིས་ རྩོད་རྙོགས་ཐོན་མི་ ས་ཆ་དེ་ རྟ་ལ་ཁ་ལུ་ ཨིནམ་ཤེས་ཏེ་འབད་རུང་ ས་འཇལ་འགོ་དཔོན་ཚུ་ ས་གནས་ནང་ ས་འཇལ་བར་འོངམ་ད་ ཚལ་ལུ་མར་འཕེལ་ སོ་རིག་བྲག་ལུ་ཨིན་ཟེར་བའི་ ཉོགས་མེད་ཡི་གུ་གུ་ བདེན་སྦྱོར་གྱི་ མིང་རྟགས་བཀོད་མི་ལུ་བརྟེན་ཨིན་པས།
ཉེས་འཛུགས་ཅན་རྣམ་རྒྱལ་གྱིས་ གཞུང་ས་འཇལ་ཏེ་ བདག་བཟུང་འབད་ནིའི་ནང་ ཕན་གྲོགས་འབད་ནུག་ཟེར་ཨིན་པས།
ཚུལ་མིན་གྱི་ ལག་ལེན་དེ་ཡང་ སྤྱི་ལོ་༡༩༩༨ ཟླ་༡༡ པའི་ཚེས་༡༣ ལུ་ རྩོད་ཟླ་རྣམ་རྒྱལ་དང་ རྒཔོ་བགྲེསཔ་དཀོན་མཆོག་༢ ཀྱིས་ ཐིམ་ཕུག་རྟ་ལ་ཁ་ལུ་སྡོད་མི་ ཚེ་འདས་ཨ་ནེ་ནོར་འཛོམས་ཀྱི་ མིང་ཐོ་ཁར་ ས་ཆ་ཌིསི་༤༩ ཡོད་མི་དེ་ ཁྲམ་སྤོ་སོར་འབད་ནིའི་དོན་ལུ་ ཚེ་འདས་ཀྱི་སྤུན་ཆ་ རྒཔོ་བགྲེསཔ་དཀོན་མཆོག་གི་གནས་ཚང་ མཁའ་འགྲོ་དབང་མོ་ལུ་ ས་ཌིསི་༢༠ དང་ ཚ་བོ་དབང་འདུས་ལུ་ ཌིསི་༡༠ ས་ཆ་སྐལ་བགོ་སྤྲོད་པའི་སྐོར་ ཚེ་འདས་ནེ་ནོར་འཛོམས་ཀྱིས་ ཁ་ཆེམས་བཞག་ཡོད་བརྫུས་བཏབ་པའི་ ནང་གན་རྫུས་མ་བཟོ་ནུག་ཟེར་ཨིན་པས།
ནང་གན་དེ་ལུ་ གཞི་བཞག་ཐོག་ལས་ རྩོད་ཟླ་རྣམ་རྒྱལ་གྱིས་ སྤྱི་ལོ་༡༩༩༨ ཟླ་༡༡ པའི་ཚེས་༡༨ ལུ་ རྫོང་ཁག་ཁྲིམས་འདུན་ལུ་ ས་ཁྲམ་སྤོ་སོར་གྱི་དོན་ལུ ཞུ་ཡིག་བཙུགས་པའི་སྐབས་ ཁྲིམས་འདུན་ལས་ ངོས་ལེན་མ་འབད་བར་ ལོ་༡ དེ་ཅིག་ བཞག་ཡོད་རུང་ སྤྱི་ལོ་༡༩༩༩ ལུ་ གནག་ཀུ་དེ་ ལྕང་རྒེད་འོག་གི་རྒཔོ་སྦེ་ བཙག་འཐུ་གྲུབ་པའི་ཤུལ་ལས་ སྤྱི་ལོ་༢༠༠༠ ཟླ་༡ པའི་ཚེས་༢༥ ལུ་ རྣམ་རྒྱལ་གྱིས་ ད་རུང་ ས་ཆ་དེ་ནང་ལས་ ཌིསི་༡༠ དེ་ ཉེས་འཛུགས་ཅན་ ཚེ་དབང་རྒྱལ་མཚན་གྱི་གནས་ཚང་ བདེ་ཆེན་གཡུ་སྒྲོན་ལུ་ སྐལ་བགོ་སྦེ་ བྱིན་ནུག་ཟེར་ བཤེར་ཡིག་ནང་བཀོད་ནུག།
དེ་གིས་མ་དོ་བར་ ས་ཌིསི་༡༠ རྣམ་རྒྱལ་ལུ་ བྱིན་ཡོད་པའི་སྐོར་ལས་ ནང་གན་རྫུས་མ་༢ པ་བཟོ་བའི་སྐབས་ རྒཔོ་བགྲེསཔ་དཀོན་མཆོག་དེ་ བདེ་ཆེན་གཡུ་སྒྲོན་གྱི་ རྒྱབ་མི་དང་ བཙན་སྐྱོགས་དེ་ རྣམ་རྒྱལ་གྱི་ རྒྱབ་མི་སྦེ་ འཛུལ་ཡོད་པའི་ ཉེས་འཛུགས་འབད་ཡོདཔ་ད་ བདེ་ཆེན་གཡུ་སྒྲོན་མོ་ར་ ཨ་ནེ་ནོར་འཛོམས་ཀྱི་ ཚམོ་ཨིནམ་སྦེ་བཟོ་སྟེ་ སྤྱི་ལོ་༢༠༠༠ ཟླ་༢ པའི་ཚེས་༩ ལུ་ གན་ཡིག་རྫུས་མ་༢པ་དང་འཁྲིལ་ ས་ཁྲམ་སྤོ་སོར་གྱི་དོན་ལུ་ ཞུ་ཡིག་བཙུགས་ནུག་ཟེར་ཨིན་པས།
རྒེད་འོག་བདག་སྐྱོང་གིས་ སའི་བཅའ་ཁྲིམས་༡༩༧༩ ཅན་མ་དང་འཁྲིལ་ ས་ཆ་དེ་ གཞུང་དང་སྒེར་དབང་ ཡང་ཅིན་ དམངས་ཀྱི་ཨིན་མེན་ཚུ་ བརྟག་ཞིབ་འབད་ཞིནམ་ལས་ ཁྲིམས་འདུན་ལུ་ སྙན་ཞུ་ཕུལ་དགོཔ་ཨིན་རུང་ དེ་བསྒང་ རྒཔོ་བགྲེསཔ་གནག་ཀུ་གིས་ ས་ཆ་དེ་ སྐལ་བགོའི་ས་ཆ་ཨིན་པའི་ཁར་ ཉོགས་འཛིང་ག་ནི་ཡང་མེད་ཟེར་ བཀོད་ཡོདཔ་མ་ཚད་ ཚ་བོ་དང་ཚམོ་ཨིནམ་སྦེ་ གསལ་བཀོད་འབད་མི་ཚུ་ཡང་ རྫུས་མ་བཟོ་སྟེ་ ཁྲམ་སྤོ་སོར་གྱི་ ཞུ་ཡིག་བཙུགས་ཡོད་པའི་ ཉེས་འཛུགས་བཀལ་ནུག།
དེ་གི་ཤུལ་ལས་ སྤྱི་ཟླ་༤ པའི་ཚེས་༡༩ ལུ་ རྫོང་ཁག་ཁྲིམས་འདུན་གྱིས་ ཨ་ནེ་ནོར་འཛོམས་ཀྱི་ ས་ཆ་ལས་ ཌིསི་༡༠ བདེ་ཆེན་གཡུ་སྒྲོན་དང་ ལྷག་ལུས་ཌིསི་༡༠ ཚེ་འདས་ཀྱི་མིང་ནང་ལས་བཏོགས་ཏེ་ རྣམ་རྒྱལ་གྱི་མིང་ཐོ་ནང་ བཀོད་ཡོདཔ་ཨིན་པས།
ད་རུང་ སྤྱི་ཟླ་༦ པའི་ཚེས་༡༣ ལུ་ དབང་འདུས་ཀྱི་ ས་ཆ་ཌིསི་༩ དེ་ ཕྱག་བཞག་ཁྲམ་ནང་ བཙུགས་ཡོདཔ་ད་ མཁའ་འགྲོ་དབང་མོའི་ ས་ཆ་ཌིསི་༢༠ ཡོད་མི་དེ་ མོ་རའི་བུམོ་ བསོད་ནམས་ཀྱི་མིང་ཐོ་ལུ་ བཀོད་ཆོག་པའི་ གནང་བ་ཐོབ་ཡོདཔ་ཨིན་པས།
གནད་དོན་དེ་གི་སྐོར་ལས་ ཞིབ་དཔྱད་འབད་ནི་ འགོ་བཙུགས་ཏེ་ སྤྱི་ལོ་༢༠༡༤ ཟླ་༡༢ པའི་ཚེས་༡༢ ལུ་ རྣམ་རྒྱལ་གྱིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ སའི་ཇོ་བདག་ ཨ་ནེ་ནོར་འཛོམས་དེ་ ཁོ་རའི་ཁྱིམ་ཚང་མ་གཏོགས་ ཉེ་ཚན་མི་ཕོག་ཟེར་ སླབ་ཡོདཔ་ད་ ངང་ལམ་ལས་ཨིན་མི་ དབང་འདུས་ལུ་ ས་ཌིསི་༩ དེ་ དངུལ་ཀྲམ་༧༠,༠༠༠ སྦེ་ བཙོང་ཡོདཔ་བཞིན་དུ་ རྒཔོ་བགྲེསཔ་དཀོན་མཆོག་ལུ་ ས་ཌིསི་༢༠ རིན་མེད་སྟོང་པར་ བྱིན་ཡོད་ཟེར་ ངག་བརྗོད་ནང་ བཀོད་ཡོདཔ་ཨིན་པས།
རྣམ་རྒྱལ་གྱིས་ བདེ་ཆེན་གཡུ་སྒྲོན་ལུ་བྱིན་མི་ ས་ཌིསི་༡༠ དེ་ རྒཔོ་བགྲེསཔ་གནག་ཀུ་གིས་ སླབ་མི་དང་འཁྲིལ་ ངོས་ལེན་འབད་ཡི་ཟེར་ སླབ་ཡོདཔ་ད་ དེ་ཡང་ རྒཔོ་བགྲེསཔ་ཁོ་ར་དང་ ཚེ་དབང་རྒྱལ་མཚན་༢ ཀྱིས་ ས་ཁྲམ་སྤོ་སོར་དང་ ས་གནས་སྤོ་བཤུད་འབད་བའི་སྐབས་ ཆ་རོགས་འབད་བྱིན་གེ་ཟེར་སླབ་སྟེ་ བྱིན་ཡོདཔ་མ་གཏོགས་ རྣམ་རྒྱལ་གྱིས་ ཚེ་དབང་རྒྱལ་མཚན་དང་ གནག་ཀུ་༢ ལས་ ས་རིན་ཐོབ་ཡོད་པའི་སྐོར་ ངག་བརྗོད་ནང་ ག་ནི་ཡང་ མ་བཀོད་པས།
བདེ་ཆེན་གཡུ་སྒྲོན་གྱིས་ཡང་ ནང་གན་དང་ ཁྲིམས་འདུན་གྱི་ ཞུ་ཡིག་ནང་ ལག་རྗེས་རྐྱབ་ཡོདཔ་མ་གཏོགས་ ཁྲམ་སྤོ་སོར་འབད་ནི་ཚུ་ག་ར་ མོ་རའི་རྨགཔ་ ཚེ་དབང་རྒྱལ་མཚན་གྱིས་ འབད་ཡོད་ཟེར་ ངག་བརྗོད་ནང་ བཀོད་ཡོདཔ་མ་ཚད་ ཨ་ནེ་ནོར་འཛོམས་དེ་ ག་ཨིན་ན་ མི་ཤེས་ཟེར་ སླབ་ནུག།
མོ་རའི་ རྨགཔ་གིས་ཡང་ ས་ཆ་དེ་གི་སྐོར་ལས་ ག་ར་རྒཔོ་བགྲེསཔ་གནག་ཀུ་གིས་ འབད་ཡོདཔ་མ་ཚད་ ཁོ་གིས་ སའི་རིན་དངུལ་ཀྲམ་༣༠,༠༠༠ སྤྲོད་ཅི་ཟེར་ ངག་བརྗོད་ནང་བཀོད་ནུག།
ཨིན་རུང་ སྤྱི་ལོ་༢༠༡༦ ལུ་ རྒཔོ་བགྲེསཔ་གནག་ཀུ་གིས་ ངག་བརྗོད་ནང་ ཚེ་དབང་རྒྱལ་མཚན་གྱིས་ སའི་རིན་སྤྲོད་སྤྲོདཔ་མེད་པའི་ཁར་ ས་ཁྲམ་སྤོ་བའི་སྐོར་ལས་ མི་ཤེས་ཟེར་ བཀོད་ཡོདཔ་ད་ རྒཔོ་བགྲེསཔ་དཀོན་མཆོག་གིས་ཡང་ ཚེ་དབང་རྒྱལ་མཚན་དང་ གནག་ཀུ་༢ ཀྱིས་ ས་འཇལ་བའི་སྐབས་ ཚེ་འདས་ཀྱི་ ཁྲམ་སྤོ་སོར་འབད་ནི་དང་ ས་གནས་སྤོ་བཤུད་འབད་ནིའི་ དུས་ཚོད་ལེགས་ཤོམ་ཨིན་ཟེར་ སླབ་ཡོདཔ་སྦེ་ ངག་བརྗོད་ནང་ བཀོད་པའི་ཁར་ བདེ་ཆེན་གཡུ་སྒྲོན་མོ་ར་ ཚེ་འདས་ཀྱི་ ཚམོ་ཨིནམ་བཟོ་མི་དེ་ཡང་ མི་བདེན་ཟེར་ཞུ་ནུག།
རྣམ་རྒྱལ་གྱི་ མིང་ཐོ་ཁར་ ས་ཌིསི་༡༠ ལས་ སྤོ་སོར་འབད་དེ་མེད་རུང་ སྤྱི་ལོ་༢༠༠༠ ལུ་ ས་འཇལ་བའི་སྐབས་ གཞུང་ས་ཐེབས་ཌིསི་༧༢ འཇལ་ཏེ་ ཡོངས་བསྡོམས་ཌིསི་༨༢ ཚུལ་མིན་ཐོག་ལས་ མིང་ཐོ་ནང་ བཀོད་ཡོདཔ་མ་ཚད་ གཞུང་ས་ཐེབས་ཀྱི་ཁྲལ་ཡང་ དངུལ་ཀྲམ་༦༢,༧༥༠༡ བཏབ་ཡོདཔ་ད་ སྤྱི་ལོ་༢༠༠༡ ལས་༢༠༠༣ གྱི་བར་ན་ ས་ཆ་ཚུ་ གཞན་ལུ་བཙོང་ཡོདཔ་བཞིན་དུ་ ས་ཆ་དེ་ནང་ལས་ ཌིསི་༡༣ དེ་ རྒཔོ་གནག་ཀུ་ལུ་ རིན་མེད་སྟོང་པར་སྦེ་ བྱིན་ཡོདཔ་ཨིན་པས།
ས་ཆ་དེ་ སྤྱི་ལོ་༢༠༠༦ ལུ་ ཚེ་དབང་རྒྱལ་མཚན་གྱིས་ རྒཔོ་གནག་ཀུ་གི་ བུ་ཟླ་བ་བསོད་ནམས་དང་ བུམོ་ཀུན་དགའ་ཆོས་སྒྲོན་ལུ་ དངུལ་ཀྲམ་འབུམ་༩ སྦེ་ ཉོ་བཙོང་འཐབ་ཡོདཔ་ཨིན་པས།
རྣམ་རྒྱལ་གྱིས་ ཚེ་འདས་ཀྱི་ ས་ཆ་ཌིསི་༡༠ ཧམ་འཛུལ་འབད་བའི་ཐོག་ཁར་ བར་སྦིས་ས་ཚལ་ལུ་མར་འཕེལ་ སོ་རི་བྲག་ལས་ གཞུང་ས་ཌིསི་༧༢ གཡོ་སྒྱུའི་ཐོག་ལས་ ཧམ་འཛུལ་འབད་དེ་ ས་ཆ་ཌིསི་༨༢ བཟོ་མི་ཚུ་ཡང་ བསོད་ནམས་དབང་མོ་ལུ་ ཌིསི་༡༠ དང་ སངས་རྒྱས་དབང་མོ་ལུ་ ཌིསི་༡༣ རྒཔོ་གནག་ཀུ་ལུ་ཌིསི་༡༣ ཀརྨ་ཆོས་སྒྲོན་ལུ་ ཌིསི་༣༥ ཚེ་དབང་དཔལ་མོ་ལུ་ ཌིསི་༡༣ དང་ ཚེ་རིང་དབང་འདུས་ལུ་ ཌིསི་༩ བཙོང་ཡོདཔ་ད་ ས་ཆ་ལ་ལོ་ནང་ སྦ་སྒོར་དང་ སྒྲིང་ཁྱིམ་ཡང་ རྐྱབ་སྟེ་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁྲིམས་ཞབས་ལས་ ཉེས་འཛུགས་ཅན་ཚུ་ལུ་ ཉེས་འཛུགས་འབད་མི་དང་འཁྲིལ་ ཉེས་ཁྲིམས་བཀལ་དགོཔ་མ་ཚད་ ཁོང་གིས་ གཞུང་ས་ཚུལ་མིན་ ཧམ་འཛུལ་འབད་དེ་ ཉོ་བཙོང་འཐབ་མི་ཚུ་ སླར་ལོག་གཞུང་ལུ་ སོར་ཆུད་འབད་གནང་དགོ་པའི་ ཞུ་བ་ཕུལ་ཡོད་པའི་གནས་ཚུལ།
བཀྲིས་བསྟན་འཛིན།