རྒྱུན་འགྲུལ་བཀག་ཐོགས་ཀྱི་ དཀའ་ངལ་སེལ་ཐབས་འབད་དགོཔ།

༉ ཐིམ་ཕུག་ལུ་ སྣུམ་འཁོར་སྟོང་ཕྲག་ལས་བཅད་དེ་ ཡོད་མི་དེ་ རྫོང་ཁག་གཞན་༡༩ དང་ཕྱདཔ་ད་ གྱངས་ཁ་གསུམ་ལྟབ་ཞི་ལྟབ་ལྷགཔ་ཅིག་ ཡོད་མི་དེ་ཡང་ རྒྱལ་ས་ལྟེ་བ་ལུ་ མི་རློབས་དང་ གཞུང་གཡོག་ནང་ ལཱ་འབད་མི་ མངམ་ཡོད་མི་ལུ་བརྟེན་ཨིན་མས།
ད་རེས་དངས་པར་ རྒྱལ་ཁབ་ནང་ སྣུམ་འཁོར་བསྡོམས་༨༦,༩༨༡ ཡོད་མི་ལས་ མཐོ་ཤོས་ ཐིམ་ཕུག་ལུང་ཕྱོགས་ནང་ སྣུམ་འཁོར་༤༤,༩༨༢ དེ་ཅིག་ཡོདཔ་ད་ དེ་གི་ཤུལ་ལས་ ཕུན་ཚོགས་གླིང་ལུང་ཕྱོགས་ནང་༣༠,༨༧༡ དང་ དགེ་ལེགས་ཕུག་ལུང་ཕྱོགས་ནང་༥,༡༩༢ བསམ་གྲུབ་ལྗོངས་མཁར་ལུང་ཕྱོགས་ནང་༤,༧༤༤ དེ་ལས་ མོང་སྒར་ལུང་ཕྱོགས་ནང་ སྣུམ་འཁོར་༡,༡༩༢ ཡོདཔ་ཨིན།
ཐིམ་ཕུག་ལུང་ཕྱོགས་ནང་ སྤ་རོ་དང་ ཧཱ་ སྤུ་ན་ཁ་ དབང་འདུས་ཕོ་བྲང་ མགར་ས་རྫོང་ཁག་ཚུ་ཚུདཔ་ཨིན་རུང་ ལུང་ཕྱོགས་འདི་ནང་ སྣུམ་འཁོར་བསྡོམ་༤༤,༩༨༢ ཡོད་མི་ལས་ ཐིམ་ཕུག་རྐྱངམ་གཅིག་ནང་ར་ ལུ་རང་ བརྒྱ་ཆ་༩༠ དེ་ཅིག་ཡོདཔ་ཨིན་མས།
འདས་པའི་ལོ་ངོ་དག་པ་ཅིག་ལས་ རྒྱལ་ས་ལྟེ་བ་ལུ་ བསམ་བརྗོད་ལས་འདས་པའི་ སྣུམ་འཁོར་གྱི་ གྱངས་ཁ་ཡར་འཕར་སོང་ཡོདཔ་ལས་ རྒྱུན་འགྲུལ་བཀག་ཐོགས་ཀྱི་དཀའ་ངལ་ ལོ་བསྟར་བཞིན་དུ་ སྦོམ་སུ་འགྱོཝ་མ་ཚད་ ཁྲོམ་གྱི་ས་ཁོངས་ནང་ སྣུམ་འཁོར་བཞག་སའི་ ས་གོ་མ་འཐོབ་པའི་ གདོང་ལེན་སྦོམ་ བྱུངམ་ཨིན་མས།
ཧེ་མར་ ཐིམ་ཕུག་ལུ་ རང་སྡོད་སའི་ ས་གོ་ནང་ལས་ ལཱ་འབད་སར་འགྱོཝ་ད་ དུས་ཡུན་སྐར་མ་༡༠ ནང་ ལྷོད་ཚུགསཔ་ཨིན་རུང་ ད་རེས་ནངས་པར་ དུས་ཡུན་སྐར་མ་༣༠ དང་༤༠ གི་བར་ན་ འགོར་ཨིན་མས།
དཔེ་འབད་བ་ཅིན་ མུ་ཏིག་ཐང་ལས་ ལྕམ་ཟམ་ཏོག་ལུ་ སྣུམ་འཁོར་བདའ་འགྱོཝ་ད་ དུས་ཡུན་སྐར་མ་༡༠ དང་༡༥ མ་གཏོགས་ འགོར་ནི་མེད་རུང་ ད་རེས་འབདཝ་ད་ དུས་ཡུན་སྐར་མ་༤༥ དེ་ཅིག་འགོརཝ་མས།
རྒྱལ་ས་ལྟེ་བ་ལུ་ འགྲུལ་ཐོགས་ཀྱི་ དཀའ་ངལ་དེ་ གཙོ་བོ་ར་ དྲོ་པའི་ཆུ་ཚོད་༨ དེ་ཅིག་ལས་ སློབ་ཕྲུག་ཚུ་ སློབ་གྲྭ་ནང་འགྱོ་བའི་སྐབས་དང་ ལས་གཡོགཔ་ཚུ་ ཡིག་ཚང་ནང་འགྱོ་བའི་དུས་ཚོད་ དེ་ལས་ ཕྱི་རུའི་ཆུ་ཚོད་ཕྱེ་དང་༤ དང་༥ གི་བར་ནང་ ཐོནམ་ཨིན་མས།
སྣུམ་འཁོར་ནང་འདྲེན་འབད་མིའི་གྱངས་ཁ་ ད་ལྟོ་བཟུམ་སྦེ་ ཡར་འཕར་འགྱོ་བ་ཅིན་ ལོ་༡ དང་༢ ཀྱི་རྒྱབ་ལས་ རྒྱུན་འགྲུལ་འཐབ་ད་ དུས་ཡུན་སྐར་མ་༢༠ ལས་༤༠ གི་བར་ན་ འགོར་མི་དེ་ དུས་ཡུན་ཆུ་ཚོད་༡ དང་༢ ལམ་ཁར་ ཐོགས་ལུས་ནི་གི་ འོས་འབབ་སྦོམ་འདུག།
རྒྱུན་འགྲུལ་བཀག་ཐོགས་ཀྱི་ དཀའ་ངལ་བྱུང་མིའི་ གནད་དོན་ཅིག་ སྤྱི་ལོ་༢༠༡༣ ལས་ གཞུང་གིས་ སྣུམ་འཁོར་ནང་འདྲེན་བཀག་འཛིན་འབད་མི་དེ་ ཆ་མེད་བཏང་པའི་ཁར་ དངུལ་འབྲེལ་ལས་ཁང་ཚུ་གིས་ཡང་ བསྐྱིན་འགྲུལ་ཚུ་ ལོག་བྱིན་ནི་ འགོ་བཙུགས་མི་ལུ་བརྟེན་ཨིན་མས།
ད་རེས་ སྣུམ་འཁོར་དང་འབྲེལ་བའི་ དཀའ་ངལ་བྱུང་མི་དེ་ གཞུང་གི་ཧོངས་ལས་ ཡུན་བརྟན་གྱི་ འཆར་གཞི་ཚུལ་ལྡན་སྦེ་ མ་བརྩམས་པའི་ སྐྱོན་ལུ་བརྟེན་ འོང་ནི་ཨིན་མས།
ཡར་རྒྱས་འགྱོ་ཚར་མི་དང་ གོང་འཕེལ་འགྱོ་བའི་བསྒང་གི་ རྒྱལ་ཁབ་གཞན་ཚུ་ནང་ འབད་བ་ཅིན་ སྒེར་འཁོར་ཚུ་ ས་གོ་གཅིག་ནང་ བཞག་ཞིནམ་ལས་ མི་མང་འགྲུལ་སྐྱེལ་བཱསི་དང་ ཡང་ཅིན་ ཁྲོམ་གྱི་རེ་ལི་ལ་སོགས་ཚུ་ ལག་ལེན་འཐབ་ནི་དེ་གིས་ རྒྱུན་འགྲུལ་བཀག་ཐོགས་ཀྱི་ དཀའ་ངལ་སྦོམ་མེདཔ་ཨིན་མས།
རྒྱལ་ས་ལྟེ་བ་དང་ རྫོང་ཁག་གཞན་ཚུ་ནང་ གདོང་ལེན་སྦོམ་ཅིག་ལུ་ གྱུར་དོ་ཡོད་མི་ སྣུམ་འཁོར་མང་དྲགས་མི་དང་ རྒྱུན་འགྲུལ་བཀག་ཐོགས་ཀྱི་ དཀའ་ངལ་སེལ་དགོ་པ་ཅིན་ ད་ལྟོ་ལས་ ཁྲོམ་གྱི་གནས་སྟངས་ཚུ་ བརྟག་ཞིབ་འབད་དེ་ དེ་དང་བསྟུན་པའི་ འཆར་གཞི་ཚུ་བརྩམ་ནི་ ན་འཐན་རན་ཡོདཔ་མ་ཚད་ སྣུམ་འཁོར་ནང་འདྲེན་འབད་ནི་དེ་ཡང་ བསྐྱར་ཞིབ་ཐོག་ དམ་འཛིན་འབད་དགོཔ་འདུག་ཟེར་ ཞུ་ནི་ཨིན།

About admin

Check Also

རྒྱལ་ཡོངས་ལུ་ གདམ་ཁ་རྐྱབ་དགོཔ།

༉ ད་འབདན་ ན་འཐན་ར་སྦོ་ལོགས་ཁར་ ལྷོད་དོ་ཡོད་མི་ འབྲུག་གི་སྤྱི་མཐུན་གྱི་གྲུབ་འབྲས་ འཐོན་ནི་དེ་ ཧ་ལམ་རན་དོ་ཡོདཔ་ལས་ ག་ར་གིས་ སེམས་ཁར་ཚ་གྱང་འབག་དོ་ཡོདཔ་འོང་། རྒྱལ་ཁབ་ནང་ དབང་ཚད་ཕྱིར་སྤེལ་གྱི་ ལམ་ལུགས་འགོ་བཙུགས་ཏེ་ ལོ་ངོ་བཅུ་ཕྲག་ལྷག་པའི་བསྒང་ལས་ དམངས་གཙོའི་རིང་ལུགས་ནང་ ལཱ་ཚུ་ག་དེ་སྦེ་ར་ …

Leave a Reply

Your email address will not be published. Required fields are marked *