༉ རྒྱ་འབྲུག་༢ ཀྱི་ མཐུན་འབྲེལ་གཞི་བཙུགས་འབད་དེ་ མི་ལོ་༥༠ འཁོར་བའི་དུས་སྟོན་ བརྩི་སྲུང་ཞུ་ནིའི་དོན་ལུ་ སྟག་རྩེ་སྐད་ཡིག་དང་ ལམ་སྲོལ་མཐོ་རིམ་སློབ་གྲྭ་གིས་ སྤྱི་ཟླ་༡༢ པའི་ཚེས་༡༥ ལུ་ ནང་པ་སངས་རྒྱས་པའི་ཆོས་ དར་ཁྱབ་བཏང་མི་ སྐྱེས་ཆེན་དམ་པ་ཚུ་གི་ མཛད་རྣམ་གྱི་ འཁྲབ་སྟོན་ཅིག་ རྒྱལ་གཞུང་གཙུག་ལག་སློབ་སྡེའི་ སྤྱི་དོན་ཁང་ནང་སྦེ་ འགོ་འདྲེན་འཐབ་ཡོདཔ་ཨིན།
དེ་ཡང་ རྒྱ་གར་ནང་ ཆོས་ཀྱི་རྒྱལ་པོ་ ཨ་ཤོ་ཀ་དང་ ཨོ་རྒྱན་གུ་རུ་རིན་པོ་ཆེ་ དེ་ལས་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ དཔལ་འབྲུག་པ་རིན་པོ་ཆེ་ ཞབས་དྲུང་ངག་དབང་རྣམ་རྒྱལ་༣ གྱི་ ནང་པའི་ཆོས་ཀྱི་བསྟན་པ་ དར་ཁྱབ་བཏང་མིའི་ སྐྱེས་ཆེད་དམ་པ་ཨིནམ་ལས་ ཁོང་ཆ་ཁྱབ་ལུ་ གུས་བཏུད་ཞུ་ནིའི་དོན་ལུ་ མཛད་རྣམ་ཚུ་ལུ་ གཞི་བཞག་སྟེ་ འཁྲབ་སྟོན་ཅིག་ སྤྱན་འབུལ་ཞུ་ཡོདཔ་ཨིན།
དེ་ཡང་ རྒྱ་འབྲུག་༢ ཀྱི་ མཐུན་འབྲེལ་དེ་ དམིགས་བསལ་གྱི་ ཕན་ཚུན་ཞི་བདེའི་ནང་ དཔེ་སྟོན་རུང་བའི་ མཐུན་འབྲེལ་ཅིག་ཨིན་པའི་ཁར་ སྔོན་དག་བཅག་གི་སྟོན་པ་ སངས་རྒྱས་བཅོམ་ལྡན་འདས་དང་ རྒྱ་གར་གྱི་ ཆོས་ཀྱི་རྒྱལ་པོ་ཨ་ཤོ་ཀ་ གུ་རུ་རིན་པོ་ཆེ་ ཞབས་དྲུང་ངག་དབང་རྣམ་རྒྱལ་ཚུ་ འབྲུག་དང་ རྒྱ་གར་ དེ་ལས་ བོད་ལུ་ ནང་པའི་ཆོས་ཀྱི་བསྟན་པ་ དར་ཁྱབ་བཏང་མི་ གཙོ་བོ་ཅིག་ཨིན་པས།
དེ་འབདཝ་ལས་ ནང་པའི་ཆོས་ཀྱི་ བསྟན་པ་དེ་ རྒྱ་འབྲུག་༢ ཀྱི་ མཐུན་འབྲེལ་གྱི་ སྲོག་ཤིང་བཟུམ་ཅིག་ཨིནམ་ད་ ཕན་ཚུན་༢ ཀྱི་བར་ན་ བློ་གཏད་དང་ ཡིད་ཆེས་ གུས་བཀུར་ དེ་ལས་ ཐ་དམ་ཚིག་ གྱུར་བ་མེད་པར་ཡོདཔ་ལས་ སྐྱེས་ཆེན་དམ་པ་ཚུ་ སེམས་ཁར་དྲན་ནི་དང་ བསྔགས་པར་བརྗོད་པའི་ཡུལ་ལས་ ཐ་དད་མེད་པར་ གནས་ཐབས་ལུ་ཨིན་པས།
མཐོ་རིམ་སློབ་གྲྭའི་ གཙོ་འཛིན་ ལུང་བསྟན་རྒྱ་མཚོ་གིས་ བཤད་མིའི་ནང་ རྒྱ་གར་གཞུང་དང་ འབྲུག་རྒྱལ་ཁབ་༢ ཀྱི་བར་ན་ མཐུན་འབྲེལ་གཞི་བཙུགས་འབད་དེ་ མི་ལོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་ཞུ་ནི་དང་ རྒྱ་གར་གཞུང་ལས་ གྲོགས་རམ་སྦོམ་ཐོབ་མི་ཅིག་ སྟག་རྩེ་མཐོ་རིམ་སློབ་གྲྭ་ཨིནམ་ལས་ རྒྱབ་སྐྱོར་གནང་མི་ལུ་ གུས་བཏུད་ཞུ་ནིའི་དོན་ལུ་ ལས་རིམ་དེ་ འགོ་འདྲེན་འཐབ་དོ་ཟེར་ཨིན་པས།
དེ་ཡང་ རྒྱ་གཞུང་གི་ཁ་ཐུག་ལས་ གྲོགས་རམ་གནངམ་ད་ ས་གནས་སེམས་རྟོགས་ཁ་ལུ་ ས་གོ་མ་ལང་པའི་ གདོང་ལེན་ཡོད་ནི་དེ་གིས་ མཐོ་རིམ་སློབ་གྲྭ་དེ་ ཀྲོང་གསར་སྟག་རྩེ་ལུ་ སྤོ་བཤུད་འབད་དེ་ མཐུན་རྐྱེན་ག་ར་ གསར་བཙུགས་འབད་ཡོདཔ་ད་ སེམས་རྟོགས་ཁ་ལུ་སྡོད་རིང་ སློབ་ཕྲུག་ཨ་ལོ་༣༠༠ ལྷགཔ་ཅིག་ལས་ མང་ཤོང་པའི་ཁར་ ཤེས་ཡོན་རྩ་གཞུང་ཡང་ གཅིག་ལས་མེད་རུང་ སྤྱི་ལོ་༢༠༡༡ ལུ་ སྟག་རྩེ་ལུ་ སྤོ་ཞིནམ་ལས་ སློབ་ཕྲུག་༡,༠༠༠ ལྷགཔ་ཅིག་ལུ་ ཡར་སེང་འབད་དེ་ གསར་བཙུགས་འབད་བའི་ཁར་ རྩ་གཞུང་༣ དེ་ཅིག་ གསརཔ་བཙུགས་ཅི་ཟེར་ཨིན་པས།
མཐོ་རིམ་སློབ་གྲྭ་ནང་ གཙུག་ལག་ཤེས་ཡོན་གྱི་ ཆོས་ཚན་ཚུ་ གསར་བཙུགས་འབད་ཡོདཔ་མ་ཚད་ མ་འོངས་པའི་ནང་ གཙུག་ལག་མཐོ་རིམ་ པི་ཨེཆ་ཌི་གི་ སློབ་སྦྱོང་འབད་ས་ཡང་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིནམ་ད་ ཆོས་ཚན་ གསརཔ་བཙུགས་ཚུགས་མི་དེ་ རྒྱ་གར་གཞུང་གི་ ཁ་ཐུག་ལས་ གྲོགས་རམ་གནང་སྟེ་ མཐོ་རིམ་སློབ་གྲྭ་ རྒྱ་སྐྱེད་འབད་ཡོདཔ་ལས་ དེ་ལུ་ གུས་བཏུད་ཞུ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
སྟག་རྩེ་མཐོ་རིམ་སློབ་གྲྭའི་ཁ་ཐུག་ལས་ ལས་རིམ་དེ་ འཕྲོ་མཐུད་དེ་ར་ རྒྱ་གར་ཝ་ར་ནཱ་སི་ལུ་ སྟོན་ནི་ཨིན་པའི་གནས་ཚུལ།
ཉིམ་རྡོ་རྗེ།