རྒྱལཔོ་མཆོག་ལུ་ བཀྲིན་ལེགས་འབུལ་གྱི་ གུས་བཏུད་དང་གཅིག་ཁར་ འགན་ཁུར་གསརཔ།

༉ ད་རིས་ ག་ནི་བ་ དུས་བསྐལ་བཟང་པོའི་ ཉིནམ་འདི་ནང་ འབྲུག་གི་སྤྱི་ནོར་དམ་པ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དགུང་ལོ་༤༡ བཞེས་པའི་ འཁྲུངས་སྐར་དུས་སྟོན་འདི་ རྒྱལ་ཁབ་མཐའ་དབུས་མེད་པར་ བརྩི་སྲུང་ཞུཝ་དང་འབྲེལ་ མི་དབང་མཆོག་གིས་ འབྲུག་པའི་མི་སེར་ཡོངས་ལུ་ ཤེས་རིག་དང་ ཞི་གཡོག་ལམ་ལུགས་བསྐྱར་གསོ་དང་ ལེགས་བསྒྱུར་གནང་དགོ་པའི་ བཀའ་ཤོག་༢ ལོ་གསར་དང་ འཁྲུངས་སྐར་གྱི་ གསོལ་རས་སྦེ་ གནང་མི་དེ་ ལག་ལེན་དངོས་བསྟར་གྱི་ དུས་ཚོད་རན་པའི་ དྲན་གསོའི་ཉིནམ་ཅིག་ཡང་ཨིན།

དེ་ཡང་ མངའ་བདག་རྒྱལ་པོ་མཆོག་གིས་ བཀའ་ཤོག་གཉིས་ མི་སེར་ལུ་ གསོལ་རས་སྦེ་ གནང་མི་དེ་ འབགན་རི་བ་ལྕི་ འབོརན་གསེར་བ་ཕངས་པའི་ འགན་ཁུར་ཨིནམ་ལས་ ད་རིས་ མི་དབང་མངའ་ཞབས་མཆོག་གི་ འཁྲུངས་སྟོན་བརྩི་སྲུང་ཞུཝ་ད་ འགན་ཁུར་ལྕི་དྲགས་འདི་ འགྲུབ་ཚུགསཔ་འབད་ཐབས་ལུ་ དད་དམ་ལྷད་མེད་ཀྱི་སྒོ་ལས་ ཁས་བླངས་ཕུལ་དགོ།

ཤེས་རིག་དང་ ཞི་གཡོག་ལུ་ བཀའ་ཤོག་གནང་མི་དེ་ འབྲེལ་གནད་སྦོམ་ཡོད་མི་དེ་ཡང་ ན་གཞོན་ཚུ་ ལཱ་གཡོག་ནང་ མ་འཛུལ་བའི་ཧེ་མར་ དང་པ་ར་ ཤེས་ཡོན་ལྷབ་སྦྱང་འབད་དེ་ ཀུན་སྤྱོད་རྣམ་གཞག་ལས་འགོ་བཟུང་ རིག་རྩལ་དང་ འཇོན་ཐངས་ཚུ་ གོང་འཕེལ་གཏང་དགོཔ་ ཡོད་མི་ལུ་བརྟེན་ཨིན་མས།

བཀའ་ཤོག་གནང་མི་དེ་ཡང་ ཧེ་མའི་དང་ ད་རིས་ཀྱི་ དུས་རབས་ཀྱི་བར་ན་ ཁྱད་པར་མ་འདྲཝ་ལེ་ཤ་ཡོད་མི་དེ་ཡང་ འཕྲུལ་རིག་གོང་འཕེལ་དང་ འཛམ་གླིང་གཅིག་འགྱུར་ལུ་བརྟེན་ དེང་སང་ལམ་ལུགས་དང་ ཆ་མཐུན་མ་བཟོ་བ་ཅིན་ ད་རིས་ཀྱི་ ཤེས་ཡོན་ལམ་ལུགས་ཐོག་ལུ་ ལྷབ་མི་ཡོན་ཏན་གྱིས་ མཐོ་རིམ་སློབ་གྲྭ་མཐར་འཁྱོལ་བའི་བསྒང་ལས་ ནུས་མེད་དོན་སྟོང་འགྱོ་ནིའི་ ཉེན་ཁ་ཡོདཔ་བཞིན་དུ་ ད་རེས་ནངས་པར་ འཕྲུལ་རིག་དང་ གློག་རིག་གི་ ཁྱབ་ཚད་དེ་ ཁྲོམ་སྡེ་དང་ གཡུས་སྒོ་ཚུ་ དབྱེ་བ་མེདཔ་ འགྱོ་དོ་ཡོདཔ་ལས་ ཤེས་རིག་དེ་ཡང་ བསྐྱར་གསོ་དང་ སླར་མཐུན་སྒྲིག་འབད་དགོ་པའི་  དུས་ཚོད་ལུ་ ལྷོད་ནི་དེ་གིས་ཨིན་མས།

དེ་འབདཝ་ལས་ ཤེས་ཡོན་རྩ་གཞུང་ སློབ་སྟོན་ཐབས་ཤེས་ འཆད་ཉན་ལམ་ལུགས་དང་ ཆོས་རྒྱུགས་དབྱེ་ཞིབ་འབད་ཐངས་ཚུ་ བསྐྱར་ཞིབ་མཐིལ་ཕྱིན་འབད་ནིའི་ འགན་ཁུར་འདི་ ད་རིས་བཞུགས་མི་ཚུ་ལུ་ཕོགཔ་ཨིན།

ན་གཞོན་ཚུ་ ཤེས་རིག་ཡོན་ཏན་རྐྱངམ་གཅིག་མེན་པར་ དུས་རབས་༢༡ པའི་ འཇོན་ཐངས་དང་ ནུས་པ་ཡོད་པའི་ ཤེས་ཡོན་བྱིན་ནིའི་ གྲ་སྒྲིག་འབདཝ་དང་གཅིག་ཁར་ ཁོང་ཆ་ཁྱབ་ ཀུན་སྤྱོད་རྣམ་གཞག་ཡར་དྲག་བཏང་སྟེ་ རྒྱལ་ཁབ་ལུ་ གཅེས་ཞེན་ཡོདཔ་མ་ཚད་ གཞན་གྱིས་འབད་རུང་ བློ་གཏད་ཚུགསཔ་དང་ ངོམ་དུ་རུང་བའི་ མི་ཁུངས་གཅིག་ལུ་ བཟོ་ནི་གི་ འགན་ཁུར་ཡང་འབག་དགོ།

དེ་བཟུམ་སྦེ་ ཞི་གཡོགཔ་ཚུ་གིས་ མ་འོངས་པའི་དོན་ལུ་ སྔར་བ་ལྷགཔ་སྦེ་ ཞི་གཡོག་སྒྲིང་སྒྲི་བཟོ་ནི་ལུ་ གྲ་སྒྲིག་འབད་དགོ་པའི་ དུས་ཚོད་ལུ་ ལྷོད་དེ་ཡོདཔ་ད་ མ་འོངས་པ་ལུ་ གཞུང་དང་མི་སེར་གྱི་ རེ་འདོད་འགྲུབ་ཚུགས་ནི་དང་ རྩ་ཁྲིམས་ཆེན་མོ་དང་འབྲེལ་བའི་ འགན་ཁུར་འབག་ནི་ ལྷག་པར་དུ་ འབྲུག་མངའ་བདག་རྒྱལ་པོའི་ དགོངས་པ་གྲུབ་ཚུགས་དགོ་པ་ཅིན་ རྒྱལ་ཁབ་ཀྱི་ གཙུག་སྡེ་གཙོ་ཅན་ཅིག་ཨིན་མི་ ཞི་གཡོག་འདི་ འཕྲལ་མཁོ་ཅན་སྦེ་ བསྐྱར་བཟོ་འབད་དགོ་པའི་ ཕྱག་ལཱ་ཅིག་ལུ་གྱུར་ཏེ་ཡོད་ཟེར་ བཀའ་ཤོག་ནང་བཀོད་ནུག།

དེ་བཟུམ་མའི་ དགོངས་པ་བླ་ན་མེདཔ་ཚུ་ འགྲུབ་ནིའི་དོན་ལུ་ ང་བཅས་རའི་ བདོག་གཏད་གཙོ་བོ་ར་ འབྲུག་མི་ཚུ་ ལྕོགས་གྲུབ་ཅན་ བཟོ་དགོཔ་བཞིན་དུ་ དེ་གི་དོན་ལུ་ འཇིགས་སྣང་མེད་པའི་ སེམས་ཤུགས་བསྐྱེད་དེ་ ཞི་གཡོག་ལས་སྡེ་འདི་ ཕྱི་ནང་གསང་གསུམ་གྱི་ སྒྲིག་བཀོད་དེ་ར་ བསྐྱར་གསོ་འབད་ནིའི་ ཕྱག་ལཱ་རྩ་ཆེ་ཏོག་ཏོ་ འགོ་བཙུགས་རན་ནུག།

བཀའ་ཤོག་དེ་གཉིས་ཀྱི་ དོན་སྙིང་ངོ་མ་ར་ ང་བཅས་ཀྱིས་ ཤེས་རིག་གི་ སྤུས་ཚད་ཡར་དྲག་གཏང་ནི་དང་ དེང་སང་གི་ དགོས་མཁོ་དང་མཐུནམ་སྦེ་ ཡོན་ཏན་ལྷབ་ཚུགས་ནི་ དེ་ལས་ ཞི་གཡོག་པའི་ འཇོན་ཐངས་དང་ ལྕོགས་གྲུབ་ཡར་དྲག་གཏང་ཐོག་ལས་ འབྲུག་མངའ་བདག་རྒྱལ་པོའི་དགོངས་བཞེད་དང་ གཞུང་དང་མི་སེར་གྱི་ རེ་འདོད་འགྲུབ་ནིའི་དོན་ལུ་ འགན་ཁུར་ཚུ་ ལྷག་བསམ་རྣམ་དག་གི་སྒོ་ལས་ འབག་དགོ་པའི་ བཀའ་རྒྱ་ཨིན་མས།

ད་རིས་ འབྲུག་མི་ཡོངས་ལུ་ འགན་ཁུར་ལྕི་དྲགས་འབག་དགོ་པའི་ དུས་བསྐལ་གསརཔ་ འགོ་བཙུགསཔ་དང་གཅིག་ཁར་ མི་དབང་མངའ་བདག་རིན་པོ་ཆེའི་ འཁྲུངས་སྐར་དུས་ཆེན་གྱི་ཉིནམ་ལུ་ ང་བཅས་ཀྱིས་ ལྷག་བསམ་རྣམ་དཀར་དད་མོས་ཀྱི་ བཀའ་དྲིན་ལེགས་འབུལ་གྱི་ གུས་བཏུད་ཞུཝ་ཨིན།

འདི་དང་གཅིག་ཁར་ མི་སེར་གྱི་ རྒྱལཔོ་མཆོག་གི་ མཛད་འཕྲིན་བཟང་པོ་དང་ དམིགས་བསལ་དུ་ ན་ཧིང་ རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཌ་-༡༩ ཐོན་ཞིནམ་ལས་ཚུར་ ཚོང་འབྲེལ་འཐབ་མི་དང་ ལཱ་གཡོག་བྱང་མི་ དེ་ལས་ མི་སེར་ཉམ་ཆུང་ སྐྱིད་སྡུག་ཕོག་སྟེ་ སྡུག་བསྔལ་མྱོང་མི་ཚུ་ལུ་ མི་དབང་མཆོག་གིས་ ཐུགས་ལུ་བྱམས་པ་དང་ བརྩེ་བ་བཞེས་ཏེ་ སྐུ་འོ་བརྒྱལ་བ་ལུ་ མ་གཟིགས་པར་ ནད་ཡམས་ཀྱི་ གནོད་ཉེན་ཆེ་བའི་ ས་གོ་ཚུ་ནང་ ཞབས་ཀྱིས་བཅགས་ཏེ་ ལྟོ་རྒྱགས་དང་ སྡོད་གནས་ལས་འགོ་བཟུང་ སྐྱིད་སྡུག་གནང་ཡོདཔ་མ་ཚད་ དངུལ་འབྲེལ་ལས་ཁང་ཚུ་ལས་ སྐྱིན་འགྲུལ་ལེན་མི་ཚུ་ལུ་ སྐྱེད་དགོངས་ཡངས་བཏང་གནང་མི་ལུ་བརྟེན་ འབངས་མི་སེར་ཚུ་ བློ་བདེའི་ཉམས་སྣང་ལུ་ བདེ་བར་བཀོད་པའི་ མཛད་རྣམ་ལུ་ བསམ་ཡུལ་ལས་འདས་པའི་ བཀའ་དྲིན་གྱི་གུས་བཏུད་ཞུ་དགོཔ་དེ་ཡང་ ཧ་ཅང་གིས་གལ་ཆེ།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *