རྒྱལ་ས་ལྟེ་བའི་ མདའ་རྩེད་ཐང་གི་གནས་སྟངས་ སྐྱོ་དྲགས་ཡོད་མི་ལུ་ དང་ལེན་དགོཔ།

༉ རྒྱལ་ཁབ་ཀྱི་ ཡར་རྒྱས་འགྱུར་བ་དང་བསྟུན་ ས་ཕྱོགས་གཡུས་ཕྱོགས་ཚུ་ནང་ཡང་ བསྒྱུར་བཅོས་ཚུ་ཡང་ སྦོམ་སྦེ་ར་སོང་ནུག།
འགྱུར་བ་སྦོམ་འགྱོ་བའི་བསྒང་ལས་ དྲན་པ་བཏོན་ཏེ་ ཕྱག་ལཱ་མ་གནང་པ་ཅིན་ རྒྱལ་ཁབ་གཞན་གྱི་ ལམ་སྲོལ་ཚུ་ ཤུགས་ཐོན་ནི་གི་ ཉེན་ཁ་ཡོད།
ག་འཆརཔ་ཟེར་བ་ཅིན་ རྩེད་རིགས་ཀྱི་ཁ་ཐུག་ལས་ དཔྱད་དེ་བལྟཝ་ད་ རྒྱལ་ཡོངས་ཀྱི་རྩེདམོ་ མདའ་རྩེད་འགྲན་བསྡུར་དང་ ཕྱི་རྒྱལ་ལས་དར་ཁྱབ་འོང་མི་ རྐང་རྩེད་ཕུཊ་བཱོལ་ ལག་རྩེད་ བཱསི་ཀེཊ་བཱོལ་ཚུ་གི་བར་ན་ ཁྱད་པར་ ག་དེ་སྦེ་ར་ ཞུགས་ཡོདཔ་ཨིན་ན་ ག་ར་གིས་ ཤེས་ས་དང་ མཐོང་སར་ཨིན།
ཕུཊ་བཱོལ་བཟུམ་ཅིག་འབད་བ་ཅིན་ རྩེད་ཐང་ཚུ་ ཧེ་མ་ འདས་པའི་ལོ་ངོ་བཅུ་ཕྲག་དང་ཕྱདཔ་ད་ ད་རེས་ནངས་པར་ གོང་འཕེལ་ག་དེ་སྦེ་ར་ སོང་ཡོདཔ་ཨིན་ན་ ལྕང་གླིང་མི་ཐང་དང་ ལྕང་ཇི༌ཇི་གི་རྩེད་ཐང་ཚུ་ དེང་སང་གི་ ལུགས་སྲོལ་ཐོག་ལུ་ གྱིབ་གདན་འཐིང་ཐོག་ལས་ འཛམ་གླིང་རྒྱལ་སྤྱིའི་གནས་རིམ་དང་ ཆ་མཐུནམ་སྦེ་བཟོ་སྟེ་འདུག།
འདི་བཟུམ་གྱི་ ཡར་རྒྱས་གོང་འཕེལ་བཏང་མི་ལུ་ ང་བཅས་འབྲུག་མི་ག་ར་ ངལ་རངས་བསྐྱེད་དགོཔ་ཅིག་ཨིན་རུང་ ཕྱོགས་གཅིག་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་དང་གཞི་རྩའི་ནང་ ལམ་སྲོལ་དེ་ མེད་ཐབས་མེདཔ་ཅིག་ ཨིན་པའི་བརྡ་མཚོན་ལུ་ ག་ནི་བ་ གལ་ཆེཝ་སྦེ་ བརྩི་འཇོག་འབདཝ་ཨིན་མས།
གཞི་རྩ་འདི་གི་ཐོག་ལུ་ དབྱེ་དཔྱད་ལེགས་ཤོམ་འབདཝ་ད་ ང་བཅས་རའི་སྲོལ་ དང་ཕུ་ ཕ་མའི་སྐབས་ལས་ར་དར་ཁྱབ་སོང་སྟེ་ ད་རེས་ སྲོལ་ཁྱུན་མ་ཉམས་པར་ འགོ་འདྲེན་འཐབ་མི་ ལྕང་གླིང་མི་ཐང་གི་ རྒྱལ་ཡོངས་མདའ་རྩེད་འགྲན་བསྡུར་འབད་སའི་ས་ཁོངས་དེ་ གནས་སྟངས་ག་ཅི་བཟུམ་ཅིག་ནང་ཡོདཔ་ཨིན་ན་ ག་ར་གིས་ ཤེས་གསལ་ཆེ་བས།
ལྷག་པར་དུ་ཡང་ ཕྱི་རྒྱལ་གྱི་ལྟ་བཤལ་པ་ཚུ་ འབྲུག་པའི་ལམ་སྲོལ་ལུ་ བརྩི་མཐོང་བསྐྱེད་དེ་ ད་ལྟོ་རྩེད་འགྲན་འབད་བའི་བསྒང་ཡོད་མི་ མདའ་རྩེད་འགྲན་བསྡུར་འབད་སར་ བལྟ་བར་འོང་མི་ ཉིན་བསྟར་བཞིན་དུ་ ཆད་ནི་མེད་པར་ འོང་དང་འོང་བཞིན་དུ་ཡོདཔ་ལས་ མདའ་རྩེད་ཐང་གི་ གནས་སྟངས་འདི་ ཐབས་སྐྱོ་སི་སི་སྦེ་ཡོད་མི་ལུ་ ག་ར་ ངོ་ཚ་དགོཔ་དང་ ཚ་གྱང་ལང་དགོཔ་འདུག།
རྒྱལ་ཁབ་ནང་ རྒྱལ་ས་ལྟེ་བ་ ཐིམ་ཕུག་ཟེར་ མིང་ཅན་སྐད་གྲགས་ཅན་ཨིན་པའི་ཁར་ དམིགས་བསལ་དུ་ ལྕང་གླིང་མི་ཐང་གི་ མདའ་རྩེད་ཐང་ཟེར་ ག་ར་གིས་ བརྩི་མཐོང་བསྐྱེད་ས་ ངོ་མ་ཅིག་སྦེ་ཡོད་རུང་ དོན་ངོ་མ་ལུ་ ས་ཁོངས་ཅིག་ནང་ཡོད་པའི་ ཕུཊ་བཱོལ་གྱི་ རྩེད་ཐང་དེ་ ཟད་འགྲོ་སྦོམ་བཏང་ཐོག་ལས་ དེང་སང་ལུགས་ཀྱི་ བཟོ་བཅོས་འབད་ཚུགས་མི་དང་ རང་ལུགས་ཀྱི་ ལམ་སྲོལ་ངོ་མ་རྩེད་འགྲན་འབད་ས་དེ་ ཐབས་སྡུག་སི་སི་ཅིག་སྦེ་ ཐ་ན་ གསང་སྤྱོད་ཅིག་ཡང་མེད་པར་ རྩེད་འགྲན་འབད་མི་ཚུ་གིས་ མི་མང་གི་གདོང་ཁར་ གསང་སྤྱོད་ཚུ་ འབའ་སྐྱོར་གྱི་ རྒྱབ་ཁ་ལས་ཕར་ འབད་སར་མཐོངམ་ད་ ངོ་ཚ་བའི་གཞི་གནད་ལུ་གྱུརཝ་མས།
སྤྱིར་བཏང་ འབྲུག་མདའ་རྩེད་ཚོགས་པ་ཟེར་ གཙོ་འཛིན་དང་ འདི་དང་འབྲེལ་བའི་ ལས་བྱེདཔ་ཚུ་བཙུགས་ཏེ་ ཡིག་ཚང་གཞི་བཙུགས་འབད་ཡོད་རུང་ འདི་ལུ་ ངོས་ལེན་ལེགས་ཤོམ་ཅིག་ འབྱུང་ནི་མེདཔ་བཟུམ་གྱི་ ཚོར་སྣང་ཡོད་མི་དེ་ འཐུས་ཤོར་ཏེ་ གཞུང་གི་ཁ་ཐུག་ལས་ ངོས་ལེན་མ་མཛདཔ་ཨིན་ན་ ཡང་ན་ ཡིག་ཚང་གི་ཁ་ཐུག་ལས་ར་ སྣང་མེད་སྦེ་ བཞག་བཞགཔ་ཨིན་ན་ ཤེས་རྟོགས་མེད་མི་གིས་ ང་བཅས་འབྲུག་པའི་ མིང་གཏམ་འདི་ ཕྱི་མི་ཚུ་གི་གདོང་ཁར་ རང་བཞིན་གྱིས་ ཞན་འགྱོཝ་ཨིན་མས།
དེ་འབདཝ་ལས་ འཕྲལ་ཕུགས་གཉིས་ཀྱི་མཐའ་དོན་ལུ་ རྩེད་ཐང་ཚུ་ མི་མང་གི་གདོང་ཁར་ སྟོན་བཏུབ་ཅིག་བཟོ་བ་ཅིན་ གཞུང་དང་ མི་སེར་ག་ར་ དཔའ་ཉམས་ཅན་གྱི་ཐོག་ལུ་ སྡོད་ཚུགས་ནི་མས་ཟེར་ ཞུ་ནི་ཨིན།

About admin

Check Also

འགན་ཁུར་དང་བསྟུན་པའི་ ཁས་བླངས་འབད་དགོཔ།

༉ རྒྱལ་ཁབ་ཀྱི་གནས་སྟངས་ནང་ མདུན་ལམ་བཟང་དོ་ཡོདཔ་ལས་ ད་རེས་ སྲིད་ཀྱི་གྱུར་བ་ཚུ་ ག་དེ་སྦེ་ར་ འགྱོ་དོ་ཡོདཔ་ཨིན་ན་ མཐོང་གསལ་ཆེ་བས། མི་དབང་མངའ་བདག་རིན་པོ་ཆེའི་ གསེར་ཁྲི་རྩ་བ་ལས་ གནང་མིའི་གསོལ་རས་དེ་ ད་ལྟོ་ ང་བཅས་མི་སེར་ཚུ་གིས་ བདག་འཛིན་འཐབ་དང་ འཐབ་བཞིན་དུ་ཡོད། …

Leave a Reply

Your email address will not be published. Required fields are marked *