རྒྱལ་ས་ལྟེ་བ་ལུ་ ཉེས་ལས་འཐབ་མི་ ཡར་འཕར་འགྱོ་བའི་གདོང་ལེན།

༉ ཐིམ་ཕུག་བརྒྱ་འཁོར་ཚོད་བསྲེ་ཁྲོམ་གྱི་ ཉེ་འདབས་ལུ་ འཐབ་འཛིང་འབད་མིའི་སྐོར་ ཁ་ཙ་དྲོ་པ་ལས་ མི་སྡེའི་བརྡ་བརྒྱུད་ནང་ གློག་བརྙན་མཐོང་སྣང་ཐུང་ཀུ་དེ་ ཁྱབ་སྤེལ་སོང་ཡོདཔ་ལས་ རྒྱལ་ཁབ་ནང་འཁོད་ཀྱི་ མི་ཚུ་ལུ་ འཇིགས་སྣང་དང་ རྣམ་རྟོག་ལང་དགོཔ་བྱུང་ནུག།

མ་གཞི་ འཐབ་འཛིང་ནང་ འབྲེལ་གནད་ཡོད་པའི་ དོགས་ཅན་༣ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོད་རུང་ འཐབ་འཛིང་ནང་ གཅིག་གིས་གཅིག་ལུ་ རྡོ་བླུགས་བྱིན་ཏེ་ རྨ་བཏོན་ཁྲག་བཏོན་གྱི་ མཐོང་སྣང་དེ་ལུ་བརྟེན་ ང་བཅས་རའི་མི་ཚུ་ ཁྲིམས་ལུ་འཚེར་སྣང་མེདཔ་དང་ བྱམས་སྙིང་རྗེ་མེད་པའི་ མི་སྡེ་ཅིག་ལུ་གྱུར་དོ་ཡོད་པའི་ བརྡ་མཚོན་སྟོནམ་མས།

མིའི་སྤྱོད་པ་ལས་འདས་པའི་ འཐབ་འཛིང་དེ་ཡང་ སྤྱི་ཟླ་༢ པའི་ཚེས་༢༠ གི་ནུབ་མོར་ ཉམས་རྒུདཔ་དང་ ཁོ་གི་ ཆ་རོགས་ཚུ་ ཟ་ཁང་ཅིག་ནང་ ཕྱི་རུའི་བཞེས་སྒོ་ཟ་བར་ སོང་པའི་ཤུལ་ལུ་ ངོ་མ་ཤེས་པའི་ ཕོ་སྐྱེས་སྡེ་ཚན་གཞན་ཅིག་དང་ བྱུང་ཡོདཔ་ཨིན་མས།

སྡེ་ཚན་༢ ཀྱི་བར་ན་ གནད་དོན་ག་ཅི་ལུ་བརྟེན་ འཐབ་འཛིང་བྱུང་ཡོདཔ་ཨིན་ན་ ཤེས་རྟོགས་བྱུང་མ་ཚུགས་རུང་ བྱུང་རྐྱེན་དེ་གིས་ རྒྱལ་ས་ལྟེ་བ་དེ་ ཉེན་སྲུང་མེད་པའི་ ས་ཁོངས་ཅིག་ལུ་གྱུར་བའི་ མངོན་གསལ་བྱུང་པའི་ཁར་ ཁྲིམས་འགལ་གྱི་ ལཱ་བྱ་འཐབ་པའི་ རྩོད་དོན་ཚུ་ཡང་ ཧ་ལམ་ཉིན་བསྟར་བཞིན་དུ་ ཐོནམ་ཨིན་མས།

ལོ་ངོ་དག་པ་ཅིག་གི་ཧེ་མར་ ཐིམ་ཕུག་ལུ་ སྡེ་ཚན་གྱི་ འཐབ་འཛིང་འཕྲལ་འཕྲལ་ར་ བྱུང་སྲོལ་ཡོད་རུང་ ཁྲིམས་སྲུང་འགག་སྡེའི་ ཁ་ཐུག་ལས་ དུས་རྒྱུན་དུ་ ལྟ་རྟོག་དང་ བྱ་ངན་འཐབ་མི་ཚུ་ལུ་ གདོང་ལེན་སྒྲིང་སྒྲི་འབད་མི་ལུ་བརྟེན་ ད་རེས་ནངས་པར་ དམ་འཛིན་འབད་ཚུགས་ཏེ་ཡོདཔ་ཨིན།

ཨིན་རུང་ ཟླཝ་འདི་གི་ སྔ་ཆ་ལུ་ གཞུང་སྐྱོང་མཆོག་འགྱུར་གྱི་ བར་མཚམས་བསྐྱར་ཞིབ་ཀྱི་ ཞལ་འཛོམས་འཚོགས་པའི་སྐབས་ ནང་སྲིད་དང་ སྲོལ་འཛིན་ལྷན་ཁག་གིས་ རྒྱལ་ཁབ་ནང་འཁོད་ལུ་ བྱ་ངན་འཐབ་མི་ བརྒྱ་ཆ་༧༦ དེ་ཅིག་ ཡར་འཕར་སོང་ཡོད་མིའི་གྲལ་ལས་ རྒྱལ་ས་ལྟེ་བ་ལུ་ བརྒྱ་ཆ་༥༨ ལྷགཔ་ཅིག་ བྱུང་མི་དེ་ མཐོ་ཤོས་ཅིག་ཨིན་མས།

མ་གཞི་ ཐིམ་ཕུག་ཁྲོམ་སྡེའི་དོན་ལུ་ སི་སི་ཊི་བི་པར་ཆས་༡༡༨ དེ་ཅིག་ གཞི་བཙུགས་འབད་དེ་ཡོད་རུང་ པར་ཆས་དེ་ཚུ་གིས་ ཁྱབ་མ་ཚུགས་མི་ལུ་བརྟེན་ བྱ་ངན་འབད་སའི་ ས་ཁོངས་ཚུ་ནང་ ལྟ་རྟོག་འབད་ནི་ལུ་ ལཱ་ཁག་ཡོད་པའི་ཁར་ ཁྲིམས་སྲུང་འགག་སྡེ་ལུ་ཡང་ མི་སྟོབས་ལངམ་པའི་ དཀའ་ངལ་ཡོད་ནི་དེ་གིས་ བར་མཚམས་བསྐྱར་ཞིབ་སྐབས་ སི་སི་ཊི་བི་མངམ་ གཞི་བཙུགས་འབད་ནི་དང་ ལྟ་རྟོག་གློག་ཤུགས་སྣུམ་འཁོར་ཚུ་དགོ་པའི་ གྲོས་འདེབས་ཕུལ་ནུག།

འདི་འབདཝ་ད་ རྒྱལ་ས་ལྟེ་བ་དེ་ རྫོང་ཁག་༢༠ གི་མི་ཚུ་ སྤུངས་འཛོམས་འབད་ས་དང་ ན་གཞོན་ལཱ་གཡོག་མ་ཐོབ་པར་སྡོད་མིའི་ས་གོ་གཙོ་ཅན་ཅིག་ཨིནམ་ལས་ ཨར་ཇག་འཕྲོག་གསུམ་དང་ འཐབ་འཛིང་ སྨྱོ་རྫས་འཆང་སྤྱོད་ལ་སོགས་པའི་ དཀའ་ངལ་ཚུ་ སྔོན་འགོག་འབད་ནི་ལུ་ ལཱ་ཁག་འོང་ནི་ཨིན་རུང་ དེ་ཚུ་ ལྟ་རྟོག་འབད་ནི་གི་ འགན་ཁུར་དེ་ ཁྲིམས་སྲུང་འགག་སྡེ་ལུ་རྐྱངམ་གཅིག་ བཀལ་བཞག་ནི་མེན་པར་ ཁྲོམ་སྡེ་ཚུ་ནང་ སྡོད་མི་དང་ བདེ་སྲུངཔ་ཚུ་གིས་ཡང་ འགན་ཁུར་འདྲ་མཉམ་འབག་ནི་དེ་ཡང་གལ་ཆེ།

འདི་དང་གཅིག་ཁར་ ཁྲིམས་བསྟར་སྤྱོད་འབད་མི་ཚུ་གིས་ དུས་དང་དུས་སུ་ ཁྲོམ་གྱི་ས་ཁོངས་ཚུ་ནང་ བཤཤ་ཐོག་ལས་ ལྟ་རྟོག་འབད་དགོཔ་མ་ཚད་ ཆང་ཁང་དང་ ཟ་ཁང་ཚུ་ནང་ཡང་ རྟོག་མེད་ཞིབ་དཔྱད་རྐྱབ་པ་ཅིན་ འཐབ་འཛིང་ལ་སོགས་པའི་ བྱ་ངན་ཚུ་ མར་འབད་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ཟེར་ ཞུ་ནི།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *