རྒྱལ་རབས་ཆོས་ཚན་ རྫོང་ཁའི་ཐོག་ལུ་ སློབ་སྟོན་འབད་ནིའི་ གྲ་སྒྲིག་མེདཔ།

༉ མ་གཞི་ རྒྱལ་ཡོངས་ཚོགས་སྡེ་གིས་ ཤེས་རིག་ལྷན་ཁག་ལུ་ སློབ་གྲྭ་ཁག་ལས་ཕར་ རྒྱལ་རབས་ཆོས་ཚན་དེ་ རྫོང་ཁའི་ཐོག་ལས་ སློབ་སྟོན་འབད་ནི་ལུ་ འོས་འབབ་བལྟ་དགོ་པའི་ གྲོས་འདེབས་ཕུལ་ཡོད་རུང་ གཞུང་གིས་ ད་ལྟོ་ གྲ་སྒྲིག་མེད་ཟེར་ཨིན་པས།

དེ་ཡང་ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེ་ནང་ བུམ་ཐང་གི་འཐུས་མི་ ཉི་མ་གིས་ གཞུང་གིས་ སློབ་གྲྭ་ཁག་ལས་ཕར་ ཆོས་ཚན་གཞན་བཟུམ་སྦེ་ འབྲུག་གི་རྒྱལ་རབས་དེ་ རྫོང་ཁའི་ཐོག་ལུ་ སློབ་སྟོན་འབད་ནིའི་ འོས་འབབ་བལྟ་དགོཔ་སྦེ་ གྲོས་འཆར་ཕུལ་མི་དེ་ལུ་ ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་གིས་ ལན་གསལ་སྦེ་ ཞུ་ཡི།
ད་རེས་ རྒྱལ་ཁབ་ནང་ སློབ་དཔོན་མ་ལང་པའི་ དཀའ་ངལ་སྦོམ་སྦེ་ཡོདཔ་ལས་ ད་རུང་ རྒྱལ་རབས་སློབ་དཔོན་ཚུ་གི་ གནད་དོན་ ཁ་སྐོང་བཀལ་བའི་བསྒང་ལས་ སློབ་སྟོན་གྲ་སྒྲིག་ འབད་ཚུགས་ནི་ལུ་ དུས་ཚོད་མངམ་འགོར་ནི་མས་ཟེར་ ཞུ་ཡི།
སློབ་ཕྲུག་ཚུ་ཡང་ རྫོང་ཁའི་ཐོག་ལས་ རྒྱལ་རབས་ལྷབ་སྦྱང་འབད་ནི་ལུ་ གྲ་སྒྲིག་མེདཔ་བཞིན་དུ་ སློབ་ཕྲུག་ཚུ་གིས་ རྒྱལ་རབས་ལྷབ་ནི་ལུ་ སྤྲོ་བ་མེད་པའི་ཁར་ ད་རུང་ ཆོས་ཚན་དེ་ རྫོང་ཁ་ནང་ སློབ་སྟོན་འབདཝ་ད་ ཧེང་སྐལ་ར་ སློབ་ཕྲུག་ཚུ་ལུ་ གདོང་ལེན་འབྱུང་ནི་ཨིན་མས་ཟེར་ ཞུ་ཡི།
བློན་པོ་གིས་ ཞུ་མིའི་ནང་ ན་ཧིང་ སློབ་གྲྭའི་རྩ་གཞུང་ཚུ་ བསྐྱར་ཞིབ་འབད་བའི་སྐབས་ སློབ་ཕྲུག་དང་ སློབ་དཔོན་ རྩ་གཞུང་མཁས་མཆོག་ དེ་ལས་ སློབ་ཕྲུག་ཚུ་གི་ ཕམ་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་རུང་ རྒྱལ་རབས་ཆོས་ཚན་དེ་ རྫོང་ཁའི་ཐོག་ལུ་ སློབ་སྟོན་འབད་དགོ་པའི་ གྲོས་ཆོད་མ་འབྱུང་ཟེར་ཨིན་པས།
ཧེ་མ་ སློབ་ཕྲུག་ཚུ་གིས་ རྫོང་ཁའི་ཆོས་ཚན་ལས་ མཐར་འཁྱོལ་འབྱུང་མ་ཚུགས་རུང་ སློབ་རིམ་གཞན་ནང་ འགྱོ་ནིའི་གོ་སྐབས་ཡོད་རུང་ ན་ཧིང་ ཕུན་ཚོགས་གླིང་ལུ་སྦེ་ ལོ་བསྟར་རྒྱལ་ཡོངས་ཤེས་རིག་གྲོས་ཚོགས་སྐབས་ སློབ་ཕྲུག་ག་ར་གིས་ རྫོང་ཁའི་ཆོས་ཚན་དེ་ ངེས་པར་དུ་ མཐར་འཁྱོལ་དགོཔ་སྦེ་ བཟོ་སྟེ་ཡོད་ཟེར་ ཞུ་ཡི།
ད་རེས་ འབྲུག་རྒྱལ་ཁབ་ཀྱི་ བྱུང་རབས་དེ་ ཨིང་སྐད་ཐོག་ལས་ སློབ་ཕྲུག་ཚུ་ལུ་ དཀའ་ངལ་ག་ནི་ཡང་ མ་འབྱུང་པར་ ལེགས་ཤོམ་སྦེ་ར་ ལྷབ་སྦྱང་འབད་བཞིན་དུ་ཡོདཔ་ལས་ སློབ་ཕྲུག་ཚུ་གིས་ཡང་ སྤྲོ་བ་བསྐྱེད་དེ་ཡོད་ཟེར་ ཞུ་ཡི།
དེ་བཟུམ་སྦེ་ སློབ་ཕྲུག་ཚུ་གིས་ ཆོས་རྒྱུགས་ཀྱི་ གྲུབ་འབྲས་ཚུ་ ལེགས་ལྡན་བྱུང་སྟེ་ཡོདཔ་ལས་ གཞུང་གི་ཁ་ཐུག་ལས་ རྒྱལ་རབས་དེ་ ཨིང་སྐད་ཐོག་ལུ་ སློབ་སྟོན་འབད་ནི་ལུ སྟབས་མ་བདེཝ་ ག་ནི་ཡང་ མ་མཐོང་ཟེར་ ཞུ་ཡི།
སྤྱི་ལོ་༢༠༠༥ ལུ་ སློབ་རིམ་༧ པའི་ནང་ རྒྱལ་རབས་དེ་ རྫོང་ཁའི་ཐོག་ལུ་ སློབ་སྟོན་འབད་ནི་ འགོ་བཙུགས་པའི་ཤུལ་ལས་ སྤྱི་ལོ་༢༠༠༦ ལུ་ སློབ་རིམ་༨ པའི་ནང་ འགོ་བཙུགས་ནུག།
འཐུས་མི་ཉི་མ་གིས་ ཞུ་མིའི་ནང་ སྔ་གོང་ལས་ སློབ་གྲྭ་ཚུ་ནང་ སློབ་སྟོན་འབད་ཡོད་པའི་ ལེགས་བཤད་དང་ རྣམ་ཐར་ཚུ་ དེང་སང་གི་ གནས་སྐབས་དང་རིག་པ་ གསརཔ་བཙུགས་ནིའི་དོན་ལུ་ ཕྱིར་བཏོན་འབད་ཡོདཔ་ལས་ སྔར་ལས་ཡོད་པའི་ ཆོས་ཚན་ཚུ་གིས་ ད་རེས་ཀྱི་དུས་ལུ་ ག་ཅི་སྦེ་ ཕན་མ་ཐོགས་པའི་ཁར་ ག་དེ་སྦེ་ འོས་འབབ་མེདཔ་ཨིན་ན་ཟེར་ ཞུ་ཡི།
བློན་པོ་གིས་ སྤྱི་ལོ་༢༠༠༩ ལས་ སློབ་གྲྭ་ཚུ་ནང་ ལེགས་བཤད་བླང་དོར་དང་ རྣམ་ཐར་གྱི་ ཆོས་ཚན་དེ་ རྫོང་ཁའི་མཁས་མཆོག་ཚུ་གི་ མཐིལ་ཕྱིན་དབྱེ་ཞིབ་འབད་དེ་ ཆ་མེད་བཏང་ནུག་ཟེར་ཨིནམ་ད་ ཧེ་མ་ རྩ་གཞུང་བཟོ་མི་ཚུ་གིས་ ཆོས་ཚན་དེ་ སློབ་སྟོན་འབད་བའི་སྐབས་ ཆོས་གནང་དོ་བཟུམ་མའི་ སྣང་བ་ཤར་དོ་ཡོདཔ་ལས་ ཨ་ལོ་ཚུ་ སྟབས་མ་བདེཝ་བྱུང་སྟེ་ ཡོན་ཏན་ངོ་མ་ཐོབ་མ་ཚུགས་པའི་ ཤེས་རྟོགས་བྱུང་ནུག་ཟེར་ ཞུ་ཡི།
དེ་ལས་ སློབ་གྲྭ་ཁག་ལས་ཕར་ ཆོས་ལུགས་མ་འདྲཝ་བའི་ སློབ་ཕྲུག་ཚུ་ཡོདཔ་ལས་ དེ་གིས་ དཀའ་ངལ་བྱུང་མི་བརྟེན ཆོས་ཚན་དེ་ལུ་ སྤྲོ་བ་དེ་ཅིག་ར་ བསྐྱེད་མི་མེད་པའི་ གདོང་ལེན་གྱི་ དམིགས་པ་བསྐྱེད་དེ་ ཆ་མེད་བཏང་ཡོདཔ་ད་ མ་འོངས་པར་ རྫོང་ཁའི་སྐད་ཡིག་ལུ་བརྟེན་ སློབ་ཕྲུག་ཚུ་གིས་ འཚོ་བའི་གནས་སྟངས་ནང་ བཅའ་མར་གཏོགས་ཚུགསཔ་ ག་དེ་སྦེ་ བཟོ་ནི་ཨིན་ན་དང་ ལམ་སྲོལ་ཚུ་ལུ་ ག་དེ་སྦེ་ གཙོ་བོ་བཏོན་ནི་ཨིན་ནའི་ གྲོས་ཆོད་བྱུང་མི་ལུ་བརྟེན་ རྩ་གཞུང་དེ་ ལེགས་བསྒྱུར་འབད་ནུག་ཟེར་ ཞུ་ཡི།
བློན་པོ་གིས་ ཞུ་མིའི་ནང་ ལམ་སྲོལ་ཚུ་ གཙོ་བོ་བཏོན་ནིའི་དོན་ལུ་ རྩ་གཞུང་གསརཔ་ནང་ བློ་ཟེ་དང་ ཞབས་ཁྲ་ གཙང་མོ་ལ་སོགས་པའི་ དོན་ཚན་ཚུ་ཡང་ བཙུགས་པའི་ཁར་ ལེགས་བཤད་བླང་དོར་དང་ རྣམ་ཐར་ཚུ་ཡང་ ཧྲིལ་བུམ་སྦེ་ ཕྱིར་དབྱུངས་མ་བཏང་པར་ དེ་ནང་ཡོད་པའི་ སྤྱིར་བཏང་ལུ་ཁག་ཆེ་བའི་ དོན་ཚན་ཚུ་ གདམ་འཐུ་འབད་དེ་ ད་རེས་ནངས་པར་ཡང་ སློབ་རིམ་༩ པ་དང་༡༢ པའི་ ལྷག་རིག་དང་ རྩོམ་རིག་དཔེ་དེབ་ནང་ བཙུགས་ཏེ་འདུག་ཟེར་ཨིན་པས།
རྣམ་ཐར་གྱི་ཐད་ཁར་ སློབ་ཕྲུག་ཚུ་གིས་ དཔེ་དེབ་སྦེ་ ལྷབ་སྦྱང་འབད་ནི་མེད་རུང་ ཨ་ལོ་ཚུ་ལུ་ སྤྲོ་བ་འབྱུང་བཅུག་ཐབས་ལུ་ རྒྱབ་རྟེན་སྦེ་ སློབ་གྲྭའི་དཔེ་མཛོད་ཁང་ནང་ བཞག་སྟེ་འདུག་ཟེར་ཨིན་ ཞུ་ཡི།
དེ་ལས་ འཐུས་མི་ཉི་མ་གིས་ མི་སྟོབས་སྲིད་བྱུས་དང་འཁྲིལ་འབད་བའི་སྐབས་ སློབ་དཔོན་ཚུ་ལུ་ ལོ་རེ་ནང་ ཁྱད་རིག་གོང་འཕེལ་གྱི་སྦྱོང་བརྡར་ དུས་ཡུན་ཆུད་ཚོད་༨༠ བྱིན་དགོཔ་སྦེ་ འཁོད་དེ་ཡོདཔ་ལས་ དེ་ཚུ་ ག་དེ་སྦེ་ར་ འབད་དོ་ག་ཟེར་ ཞུ་ཡི།
སློབ་དཔོན་ཚུ་ལུ་ ཁྱད་རིག་གོང་འཕེལ་གྱི་ སློབ་སྦྱོང་དེ་ གནམ་མེད་ས་མེད་ ཁག་ཆེ་ཟེར་ཨིནམ་ད་ སློབ་གྲྭའི་རྩ་གཞུང་ལུ་ ལོ་བསྟར་བཞིན་དུ་ འགྱུར་བ་སྦོམ་སྦེ་ར་ འགྱོ་དོ་ཡོད་པའི་ཁར་ སློབ་དཔོན་ཚུ་གི་ སློབ་སྟོན་འབད་ཐངས་ཡང་ དུས་དང་དུས་སུ་ ལེགས་བསྒྱུར་འགྱོ་དོ་ཡོདཔ་ལས་ སློབ་དཔོན་ཚུ་གིས་ཡང་ དེ་དང་བསྟུན་པའི་ ཡོན་ཏན་ཚུ་ཡང་ འཐོབ་ནི་ལུ་ ཁག་ཆེ་ཟེར་ བློན་པོ་གིས་ ཞུ་ཡི།
སློབ་དཔོན་ཚུ་གི་ ཁྱད་རིག་གོང་འཕེལ་སྦྱོང་བརྡར་དེ་ཡང་ ད་རེས་ སྤྱིར་སྙོམས་སྦེ་ སློབ་དཔོན་རེ་གིས་ དུས་ཡུན་ཆུ་ཚོད་༣༧ རྐྱངམ་གཅིག་ཐོབ་སྟེ་ཡོདཔ་ད་ ན་ཧིང་ སྦྱོང་བརྡར་འབད་ནིའི་དོན་ལུ་ མ་དངུལ་ས་ཡ་༡༡༧ བཞག་ཡོདཔ་ད་ རྒྱལ་ཁབ་ཀྱི་ སློབ་དཔོན་རེ་གིས་ ཁ་སྐོང་སྦྱོང་བརྡར་ དུས་ཡུན་ཆུ་ཚོད་༤༠ རེ་ ཐོབ་ཚུགས་ཅི་ཟེར་ཨིནམ་ད་ ཨིན་རུང་ དུས་ཅི་ཡང་ སློབ་དཔོན་ཚུ་ལུ་ སྦྱོང་བརྡར་བྱིན་ནིའི་ ལས་རིམ་ཡོདཔ་ལས་ དུས་ཡུན་༨༠ སྦྱོང་བརྡར་བྱིན་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
གཞི་རྩ་ངོ་མ་ར་ རྩ་གཞུང་ཚུ་ཨིནམ་ལས་ དུས་དང་དུས་སུ་ དུས་མཐུན་བཟོ་ནི་དང་ འཛོལ་བ་མེདཔ་སྦེ་བཞག་ནི་ དེ་ལས་ དུས་དང་བསྟུན་ཏེ་ བཟོ་དགོཔ་ལས་ རྒྱལ་འཛིན་ཤེས་རིག་ཚོགས་སྡེ་གིས་ ལཱ་ཚུ་འབད་བའི་བསྒང་ཡོདཔ་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *