༉ ཁ་ཙ་ བདག་ཅག་གི་སྟོན་པ་ སངས་རྒྱས་བཅོམ་ལྡན་འདས་ཀྱི་ དུས་ཆེན་ལྔ་འཛོམས་ ཁྱད་པར་ཅན་གྱི་ ཉིནམ་བརྩི་སྲུང་དང་འབྲེལ་ རྒྱལ་ཁབ་ཀྱི་ སྲོལ་རྒྱུན་གྱི་ ལམ་སྲོལ་དང་འབྲེལ་བའི་ ལས་སྣ་མང་རབས་ཅིག་ འགོ་འདྲེན་འཐབ་མིའི་གྲས་ལས་ དབང་འདུས་ཕོ་བྲང་རྫོང་ ལོག་གསར་བཞེངས་འབད་མིའི་ དབུ་རྩེ་གུ་ གསེར་ཏོག་བཀལ་ཡོདཔ་མ་ཚད་ རྒྱ་གར་གྱི་འཕགས་པའི་ཡུལ་ གནས་མཆོག་བྱ་རྒོད་ཕུང་པོའི་རི་ལུ་ འབྲུག་པའི་ལྷ་ཁང་གསར་བཞེངས་ཀྱི་ བརྟན་རྩའི་མ་དངུལ་གནང་མི་དེ་ རྒྱལ་རབས་ཅན་གྱི་ དུན་སྟོན་ཅིག་སྦེ་ རྗེས་དྲན་འབད་ནི་ཨིན་མས།
དེ་ཡང་ དབང་འདུས་ཕོ་བྲང་རྫོང་དེ་ མེ་མཆོད་བཞེས་པའི་ཤུལ་ལས་ སྤྱི་ལོ་༢༠༡༤ ལུ་ བཟོ་བཀོད་སྔར་ག་ཨིནམ་སྦེ་ ལོག་གསར་བཞེངས་འབད་ནི་ འགོ་བཙུགས་པའི་ཤུལ་ལས་ ཁ་ཙ་ དུས་ཆེན་ལྔ་འཛོམས་ཀྱི་ དུས་ཆེན་རྩ་ཅན་དང་བསྟུན་ རྫོང་གི་དབུ་རྩེ་གསརཔ་བསྒྲུབས་མིའི་གུ་ གསེར་ཏོག་བཀལ་བའི་ རྟེན་འབྲེལ་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ བྱོན་གནང་ཡོདཔ་ལས་ ཤར་དར་བརྒྱད་ཀྱི་ མི་སེར་ཚུ་ལུ་ དགའ་སྤྲོ་ཚད་མེད་བྱུང་ཡོདཔ་མ་ཚད་ ཁོང་གི་རྫོང་གཞིས་ སྔར་ག་ཨིནམ་སྦེ་ བཞེངས་གནང་མི་དེ་གིས་ བློ་བདེ་བའི་ གཞི་གནད་ཅིག་ལུ་གྱུར་ནུག།
སྤྱི་ལོ་༡༦༣༨ ལུ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ སྤུ་ན་གཙང་ཆུ་དང་ དྭངས་ཆུ་འཛོམས་སའི་ སྒང་ཏོག་གུ་ ཤར་དར་བརྒྱད་ཀྱི་ རྫོང་ཁག་ལྟེ་བ་སྦེ་ བཞེངས་གནང་མི་ དབང་འདུས་ཕོ་བྲང་རྫོང་དེ་ སྤྱི་ལོ་༢༠༡༢ ཟླ་༦ པའི་ཚེས་༢༤ འི་ ཕྱི་རུའི་ཆུ་ཚོད་༤ དེ་ཅིག་ལས་ མེ་མཆོད་བཞེས་ཏེ་ རྩ་བ་ལས་ འཚིགས་སོང་རུང་ ནང་རྟེན་ཚུ་ག་ར་ ཉེན་སྐྱོབ་འབད་ཚུགསཔ་ལས་ རྒྱལ་ཡོངས་ལུ་ ཚ་གྱང་སྦོམ་ལང་དགོཔ་ མ་བྱུང་པའི་ཁར་ ལོ་༢ ཀྱི་རྒྱབ་ལས་ གཞུང་གིས་ རྒྱ་གཞུང་གི་ མ་དངུལ་གྲོགས་རམ་ཐོག་ལས་ ལོག་གསར་བཞེངས་འབད་ནི་ འགོ་བཙུགསཔ་ལས་ ཤར་དར་བརྒྱད་ཀྱི་ མི་སེར་ཚུ་ ལྷག་པར་དུ་ བློ་བདེ་ཏོག་ཏོ་ བྱུང་ནུག།
ད་རེས་ནངས་པར་ དབང་འདུས་ཕོ་བྲང་རྫོང་གསར་བཞེངས་ཀྱི་ལཱ་དེ་ བརྒྱ་ཆ་༦༠ དེ་ཅིག་ མཇུག་བསྡུ་ཡོདཔ་ལས་ སྤྱི་ལོ་༢༠༢༡ ལུ་ ཡོངས་རྫོགས་སྦེ་ བསྒྲུབ་ནི་གི་ དམིགས་ཡུལ་བསྐྱེདཔ་བཞིན་དུ་ ད་ལྟོའི་ ལཱ་གི་གྲུབ་འབྲས་ལུ་ བལྟ་བ་ཅིན་ དུས་ཚོད་ཁར་ བསྒྲུབ་ཚུགས་ནི་བཟུམ་འདུག།
ད་རུང་ ཤར་ཕྱོགས་ཁ་ཐུག་ལུ་འབད་བ་ཅིན་ བཀྲིས་སྒང་རྫོང་ ཉམས་གསོ་ཞུ་ནི་ འགོ་བཙུགས་མི་དེ་ཡང་ ཟླཝ་༡ དང་༢ ཀྱི་རྒྱབ་ལས་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོད་མི་དེ་གིས་ཡང་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ རྒྱལ་ཁབ་ཀྱི་ སྲོལ་རྒྱུན་གྱི་ ལམ་སྲོལ་འདི་ གཉེར་སྲུང་དང་ ཉེན་སྐྱོབ་ ཡར་སྤེལ་གྱི་དོན་ལུ་ བརྩོན་ཤུགས་བསྐྱེད་པའི་ བརྡ་མཚོན་སྟོནམ་མས།
དེ་གིས་མ་དོ་བར་ འབྲུག་དང་རྒྱ་གར་གྱི་བར་ན་ ཕྱི་འབྲེལ་དོན་གཅོད་པའི་ མཐུན་འབྲེལ་གཞི་བཙུགས་འབད་དེ་ ལོ་ངོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་དང་འབྲེལ་ ཁ་ཙ་ བཀྲིས་ཆོས་རྫོང་ནང་སྦེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ རྒྱ་གར་བྱ་རྒོད་ཕུང་པོའི་རི་ལུ་ འབྲུག་པའི་ལྷ་ཁང་ཅིག་ བཞེངས་ནིའི་དོན་ལུ་ བརྟན་རྩའི་མ་དངུལ་ དངུལ་ཀྲམ་ས་ཡ་༡ གནང་ཡོདཔ་མ་ཚད་ སྐྱབས་རྗེ་མཆོག་གི་ སྦྱིན་བདག་དང་ ཁམས་སྤྲུལ་རིན་པོ་ཆེ་ དེ་ལས་ ཐིམ་ཕུག་གི་ ཚོང་པ་ཡོངས་གྲགས་ཅན་དག་པ་ཅིག་གིས་ དངུལ་ཀྲམ་ས་ཡ་༤.༡ ཞལ་འདེབས་ཕུལ་ཡོད་མི་དེ་གིས་ཡང་ འབྲུག་རྒྱལ་ཁབ་ཀྱིས་ སྔར་སྲོལ་ལམ་ལུགས་ མི་ཉམས་གོང་འཕེལ་གཏང་ནི་ལུ་ ག་དེམ་ཅིག་ གལ་ཆེཝ་སྦེ་ བརྩི་འཇོག་གནངམ་ཨིན་ན་ གསལ་སྟོན་འབདཝ་མས།
བརྟན་རྩའི་མ་དངུལ་ བཟོ་མི་དང་བསྟུན་ འབྲུག་པའི་ལྷ་ཁང་དེ་ དུས་ཅི་ སྤྱི་ཟླ་༡༡ པའི་ཚེས་༡༡ ལུ་ ས་བསླང་རྟེན་འབྲེལ་བརྩི་ཚུགས་ནི་ཨིན་མས།
ད་རུང་ དུས་ཅིའི་ དུས་ཆེན་ལྔ་འཛོམས་དེ་ འབྲུག་མི་ཚུ་གིས་ དམིགས་བསལ་ཅན་སྦེ་ རྗེས་སུ་དྲན་ནི་ཨིན་མི་དེ་ཡང་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་གསརཔ་ཚུ་ལུ་ མི་དབང་མངའ་ཞབས་མཆོག་གིས་ དཔལ་ལྡན་འབྲུག་པའི་ སྔར་སྲོལ་ལམ་ལུགས་ཀྱི་ རྟེན་འབྲེལ་དང་འཁྲིལ་ ལེགས་དར་གནང་ཡི།
འདི་བཟུམ་མའི་ མཛད་རིམ་ཚུ་གིས་ རྒྱལ་ཁམས་ཀྱིས་ ལམ་སྲོལ་འདི་ འཕོ་འགྱུར་ཆེ་བའི་ ནུས་ཤུགས་ཅན་ཅིག་ཨིན་པའི་ ངོས་འཛིན་འབདཝ་མ་ཚད་ འཕོ་འགྱུར་དང་ རྒྱུན་ཆད་མེད་པའི་ སྔར་སྲོལ་གྱི་ ཁྱད་ཆོས་དང་ གཙུག་སྡེ་ཚུ་ ཡར་འཕེལ་ཅན་གྱི་ མི་སྡེ་གཅིག་སྦེ་ ཡུན་བརྟན་ཚུགས་པའི་ མཐའ་བཙན་དང་ ཕན་འདེབས་ལུ་ བརྩོན་ཤུགས་བསྐྱེདཔ་བཞིན་དུ་ ང་བཅས་ཀྱི་ ཁ་ཐུག་ལས་འབད་རུང་ འབྲུག་པའི་མི་སྡེའི་ལམ་སྲོལ་གྱི་ འབྱོར་པ་མདུན་སྐྱོད་ཀྱི་ རྒྱུ་རྐྱེན་ལུ་ ག་དེ་དྲག་དྲག་ ལྷན་ཐབས་འབད་དགོ།
Check Also
སྲིད་བྱུས་ཀྱིས་ སྒེར་གྱི་ལས་བྱེདཔ་ཚུ་ རྒྱབ་སྐྱོར་འབད་ནི་ལུ་འཐུས་ཤོར།
༉ མི་མང་དང་ ལས་འཛིན་གྱི་ ལས་བྱེདཔ་ཚུ་གི་ དངུལ་ཕོགས་ཡར་སེང་འབད་ཡོདཔ་ཨིན་རུང་ སྒེར་སྡེའི་ནང་ ལཱ་འབད་མི་ལས་བྱེདཔ་ཚུ་ལུ་ དངུལ་ཕོགས་ཡར་སེང་འབད་ནི་ཕར་བཞག་ ཨ་རྟག་གི་ཐོབ་ཚད་ལས་ ཉུང་སུ་སྦེ་ བྱིན་དོ་ཡོདཔ་ཨིན་པས། སྒེར་སྡེའི་བཀོད་ཁྱབ་འགོ་དཔོན་ཚུ་གི་ དངུལ་ཕོགས་དེ་ མི་མང་དང་ ལས་འཛིན་ཚུ་གི་ …