རྒྱལ་ཡོངས་སྐྱིན་འགྲུལ་གན་ལེན་ལས་འཆར་ ཁྲིམས་མཐུན་ཨིན་ན?

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་ནང་ དཔལ་འབྱོར་དང་དངུལ་རྩིས་ཚོགས་ཆུང་གིས་ རྩིས་ལོ་༢༠༢༡-༢༢ ཀྱི་ འཆར་དངུལ་དཔྱ་སྒོའི་དཔྱ་ཡིག་ བསྐྱར་ཞིབ་འབད་མིའི་གུ་ གྲོས་བསྡུར་གནང་པའི་སྐབས་ ཚོགས་ཆུང་གིས་ཕུལ་མི་ གྲོས་འདེབས་༨ ལས་༧ མ་གཏོགས་ མཇུག་བསྡུ་མ་ཚུགསཔ་ལས་ ད་རིས་ འཕྲོ་མཐུད་གྲོས་བསྡུར་འབད་ནི་ཨིན་པས།

འཆར་དངུལ་དཔྱ་སྒོའི་དཔྱད་ཡིག་དེ་ཡང་ དུས་ཅི་ སྤྱི་ཟླ་༥ པའི་ཚེས་༢༨ ལུ་ བསྐྱར་ཞིབ་འབད་དགོ་པའི་ བཀའ་རྒྱ་གནང་སྟེ་ ཚོགས་ཆུང་ལུ་ སྤྲོད་ཡོདཔ་ཨིན་པས།

དེ་དང་འཁྲིལ་ དཔལ་འབྱོར་དང་ དངུལ་རྩིས་ཚོགས་ཆུང་གིས་ བསྐྱར་ཞིབ་མཐིལ་ཕྱིན་མཛད་དེ་ གྲོས་འདེབས་ཁག་༨ དང་ ལྟ་རྟོག་ཁག་༥ ཕུལ་ཡོད་མི་ལུ་ གསུང་གྲོས་གནངམ་ད་ ལྟ་རྟོག་གི་དོན་ཚན་༢ པ་ རྒྱལ་ཡོངས་སྐྱིན་འགྲུལ་གན་ལེན་ལས་འཆར་གུ་ གསུང་གྲོས་རྒྱས་པར་གནང་ཡི།

དེ་གི་སྐབས་ལུ་ ཝམ་རོང་གི་འཐུས་མི་ ཀརྨ་འཕྲིན་ལས་ཀྱིས་ ཞུ་མིའི་ནང་ རྒྱལ་ཡོངས་སྐྱིན་འགྲུལ་གན་ལེན་ལས་འཆར་ནང་ ཆ་འཇོག་གྲུབ་མི་ ལས་འགུལ་༨༡ ལས་ མང་ཤོས་ར་ ནུབ་ཕྱོགས་ཁ་ཐུག་ལུ་ ཡོད་ནི་དེ་གིས་ ལུང་ཕྱོགས་འདྲ་མཉམ་ མིན་འདུག་ཟེར་ཞུ་ཡི།

གནད་དོན་དེ་ ཡང་ཅིན་ གཞུང་གིས་ མི་སེར་ཚུ་ལུ་ ལམ་ལུགས་དེ་གི་སྐོར་ལས་ གོ་བརྡ་ལེགས་ཤོམ་སྦེ་ མ་སྤྲོད་མི་ལུ་བརྟེན་ མི་ཚུ་གིས་ ཤེས་རྟོགས་མེད་མི་ལུ་བརྟེན་ཏེ་ཨིན་ན་ མ་ཤེས་ཟེར་ཞུ་ཡི།

དགྲ་མེད་རྩེ་- སྔ་ཚང་གི་འཐུས་མི་ ཨོ་རྒྱན་དབང་འདུས་ཀྱིས་འབད་བ་ཅིན་ ད་རེས་ རྒྱལ་ཁབ་ནང་ དཔལ་འབྱོར་གྱི་གནས་སྟངས་ མར་ཉམས་འགྱོ་བའི་སྐབས་ འདི་བཟུམ་མའི་ལས་རིམ་ འགོ་བཙུགས་མི་དེ་ ལེགས་ཤོམ་ཨིན་རུང་ དེ་གི་སྐོར་ལས་ དངུལ་རྩིས་བློན་པོ་གིས་ ཧིང་སངས་ས་སྦེ་ གོ་བ་བཤད་དགོཔ་འདུག་ཟེར་ཞུ་ཡི།

ཁོ་གིས་འབད་བ་ཅིན་ གནད་དོན་དེ་ གཞུང་གི་གན་ལེན་ཐོག་ལས་ སྐྱིན་འགྲུལ་ལེན་ཏེ་ ལས་འགུལ་ཚུ་ འགོ་འདྲེན་འཐབ་ནིའི་སྐོར་ལས་ ཨིནམ་བཞིན་དུ་ ལུང་ཕྱོགས་སོ་སོ་ཚུ་ལུ་ ལས་འགུལ་དཔྱ་བགོའི་ ཚད་གཞི་བཟོ་དགོཔ་བཟུམ་ཅིག་སྦེ་ མཇལཝ་མས་ཟེར་ཞུ་ཡི།

དཔྱེ་འབད་བ་ཅིན་ ན་ཧིང་ གནམ་དགུན་གྱི་ ཚོད་བསྲེ་འཛུགས་སྐྱོང་ལས་རིམ་དེ་ཡང་ གཙོ་བོ་ར་ ལྷོ་མཚམས་ས་ཁོངས་ཚུ་ནང་ལུ་ དམིགས་དོན་བསྐྱེད་དེ་ ཡར་སོ་ནུག་ཟེར་ཨིན་པས།

འཐུས་མི་གིས་འབད་བ་ཅིན་ ད་ལྟོ་ མཐར་འཁྱོལ་མ་འབྱུང་པར་ལུས་མི་ ལས་འགུལ་གཞན་ དག་པ་ཅིག་ཡོདཔ་ལས་ ད་ལས་ཕར་ ད་རུང་ གཞུང་གི་གན་ལེན་ཐོག་ལས་ སྐྱིན་འགྲུལ་སྤྲོད་མི་ ལས་འགུལ་ཚུ་ཡང་ མཐར་འཁྱོལ་མ་འབྱུང་པ་ཅིན་ གཞུང་གིས་ སྐྱིན་འགྲུལ་ཚུ་ ག་ཏེ་ལས་ ལོག་བཏབ་ནི་ཨིན་ན་ཟེར་ཞུ་ཡི།

ཁོ་ར་གིས་ ཧ་གོ་དོ་བཟུམ་འབད་བ་ཅིན་ གཞུང་སྐྱོང་གིས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ སྤྱི་ཚོགས་ནང་བཙུགས་པའི་ཤུལ་ལུ་ གཞུང་གིས་ ལོག་བཏབ་ནི་ཨིནམ་ལས་ དེ་སྦེ་འབད་ནི་ཨིན་པ་ཅིན་ ད་ལྟོ་ལས་ ལས་འགུལ་ཚུ་ཡང་ སྤྱི་ཚོགས་ནང་བཙུགས་ཏེ་ར་ གནང་བ་བསྒྲུབ་དགོ་ནི་དང་ དེ་མེན་པ་ཅིན་ གནང་བ་དེ་ གཞུང་སྐྱོང་གི་སྤྲོད་ སྐྱིན་འགྲུལ་ལོག་བཏབ་མ་ཚུགས་པའི་སྐབས་ སྤྱི་ཚོགས་ནང་བཙུགས་ཏེ་ ལོག་བཏབ་ནི་ཟེར་བ་ཅིན་ སྟབས་མི་བདེ་འོང་ཟེར་ཞུ་ཡི།

ལྡོག་ཕྱོགས་འགོ་ཁྲིདཔ་ རྡོ་རྗེ་དབང་འདུས་ཀྱིས་ ཞུ་མིའི་ནང་ ད་རེས་ཀྱི་གནས་སྟངས་ནང་ ལམ་ལུགས་དེ་ ཕན་ཐོགས་ཆེ་དྲགས་ཅིག་འོང་ནི་ཨིན་རུང་ ད་ལྟོ་ལས་ ལེགས་ཤོམ་སྦེ་ དབྱེ་དཔྱད་འབད་དགོཔ་ ཁག་ཆེ་བས་ཟེར་ཨིན་པས།

ལྡོག་ཕྱོགས་འགོ་ཁྲིདཔ་གིས་འབད་བ་ཅིན་ གཞུང་གིས་ གན་ལེན་ཐོག་ལས་ སྒེར་སྡེ་ཚུ་ལུ་ སྐྱིན་འགྲུལ་བྱིན་ནི་དང་ ག་དེམ་ཅིག་སྦེ་ སྒེར་པ་དེ་གིས་ ལོག་བཏབ་མ་ཚུགས་པ་ཅིན་ གཞུང་གིས་བཏབ་ནི་དེ་ འབྲུག་གི་རྩ་ཁྲིམས་ཆེན་མོ་དང་ མི་མང་དངུལ་རྩིས་བཅའ་ཁྲིམས་དང་ འགལ་བ་ཨིན་ཟེར་ཞུ་ཡི།

མ་གཞི་ རྒྱལ་ཁབ་གཞན་ཚུ་ནང་ཡང་ དེ་བཟུམ་མའི་ལམ་ལུགས་ཚུ་ གཞི་བཙུགས་འབད་ཡོདཔ་ཨིན་རུང་ ག་དེམ་ཅིག་སྦེ་ སྒེར་པ་དེ་གིས་ སྐྱིན་འགྲུལ་བཏབ་མ་ཚུགས་པ་ཅིན་ གཞུང་གིས་བཏབ་ནིའི་དོན་ལུ་ མ་དངུལ་ཚུ་ ལོགས་སུ་སྦེ་ར་ གསོག་འཇོག་འབད་དེ་ འདུག་ཟེར་ཨིན་པས།

དེ་མ་ཚད་ ད་ལྟོ་ཚུན་ དེ་བཟུམ་མའི་ ལམ་ལུགས་འགོ་བཙུགས་མི་ རྒྱལ་ཁབ་ཚུ་གིས་ཡང་ ལམ་ལུགས་དེ་ ལེགས་ཤོམ་མེདཔ་སྦེ་ ཤེས་རྟོགས་བྱུང་སྟེ་ འདུག་ཟེར་ཨིན་པས།

ལྡོག་ཕྱོགས་འགོ་ཁྲིདཔ་གིས་ ད་རེས་ཁམས་ བློན་ཆེན་ལུ་ གནད་དོན་དེ་གི་སྐོར་ལས་ ཚ་གྱང་གི་ ཡི་གུ་ཅིག་ ཕུལ་བའི་ལན་ལུ་ བློན་ཆེན་གྱིས་ ག་དེམ་ཅིག་སྦེ་ སྐྱིན་འགྲུལ་ལོག་བཏབ་མ་ཚུགས་པའི་ གནད་དོན་རེ་འཐོན་པ་ཅིན་ གནད་དོན་ཚུ་ སྤྱི་ཚོགས་ནང་བཙུགས་ཐོག་ལས་ གཞུང་གིས་སྦེ་ ལོག་བཏབ་ནི་ཟེར་བའི་ ལན་གསལ་གནང་མི་ལུ་ ཧེང་སྐལ་ར་ ཚ་གྱང་ལང་དགོཔ་ ཐོན་ཡི་ཟེར་ཞུ་ཡི།

ཁོ་གིས་འབད་བ་ཅིན་ ལམ་ལུགས་དེ་ ད་ལྟོ་ཚར་གཅིག་ མཚམས་འཇོག་འབད་བཞག་དགོཔ་སྦེ་ཞུ་ཡི།

དེ་ལུ་ ཚོགས་དཔོན་གྱིས་འབད་རུང་ གནང་བ་གྲུབ་པའི་ ལས་འགུལ་ཚུ་གི་ གྱངས་ཁའི་སྙན་ཞུ་དང་འཁྲིལཝ་ད་ ལུང་ཕྱོགས་ནང་ འདྲ་མཉམ་མེདཔ་དེ་ ངེས་ཏིག་ཨིན་པས་ཟེར་གསུངས་ཡི།

དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ དོགས་གསལ་ཞུ་མིའི་ནང་ གཞུང་གིས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་སྟངས་ སྐྱོ་དྲགས་ཐལ་སྡོད་པའི་ནམ་དུས་ལུ་ ལོག་བསྐྱར་གསོ་བའི་འབད་ནིའི་ ཐབས་ཤེས་ལུ་ རྒྱལ་ཡོངས་སྐྱིན་འགྲུལ་གན་ལེན་ལས་འཆར་ གཞི་བཙུགས་འབད་མི་དེ་ འབྲུག་གི་རྩ་ཁྲིམས་ཆེད་མོ་དང་ མི་དམངས་དངུལ་རྩིས་བཅའ་ཁྲིམས་ལས་ འགལ་བ་མེན་ཟེར་ཞུ་ཡི།

བློན་པོ་གིས་འབད་བ་ཅིན་ གཞུང་གིས་ གཞུང་དབང་ལས་སྡེ་དང་ དངུལ་ཁང་ཚུ་ལུ་ གན་ལེན་སྤྲོད་ཆོགཔ་སྦེ་ཡོདཔ་ད་ ད་ལྟོ་ གན་ལེན་དེ་ཡང་ ཧྲིལ་བུམ་གཞུང་གིས་མེན་པར་ དངུལ་ཁང་ཚུ་ཡང་ ཚུད་དེ་ཡོད་ཟེར་ཨིན་པས།

ག་དེམ་ཅིག་སྦེ་ གཞུང་གིས་ སྒེར་གྱི་དངུལ་ཁང་ཚུ་ལུ་ གན་ལེན་སྤྲོད་པ་ཅིན་ འཛོལ་བ་ཨིན་ཟེར་ཨིན་པས།

ལམ་ལུགས་འདི་གི་འོག་ལུ་ སྐྱིན་འགྲུལ་དངུལ་ཀྲམ་ས་༣༠ ཚུན་ གཏའ་མ་བཙུགས་མ་དགོཔ་ཨིན་རུང་ དེ་ལས་ལྷག་པའི་བསྒང་ལས་ གཏའ་མ་བཙུགས་དགོ་ཟེར་ཨིནམ་ད་ ལམ་ལུགས་དེ་ ཡོད་མི་དང་མེད་མི་བར་ནའི་ ས་སྟོང་བསུབ་ནིའི་ ཐབས་ལམ་ཅིག་ཡང་ཨིན་ཟེར་ ཞུ་ཡོདཔ་ད་ ད་རིས་ འཕྲོ་མཐུད་གྲོས་བསྡུར་འབད་ནི་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *