རྒྱལ་ཡོངས་སྐད་ཡིག་ མི་ཉམས་གོང་འཕེལ་གྱི་བརྡ་མཚོན།

༉ གཞུང་གིས་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་གོང་འཕེལ་དང་ དར་ཁྱབ་གཏང་ནིའི་ཕན་ཐབས་ལུ་ གཞུང་འབྲེལ་ཞལ་འཛོམས་དང་ གོ་བསྡུར་ གྲོས་བསྡུར་ལ་སོགས་པ་ ག་ཅི་ར་ཨིན་རུང་ རྫོང་ཁའི་ཐོག་ལུ་ར་ འབད་ནི་སྦེ་ ཁས་ལེན་གནང་མི་དེ་ བློ་བདེ་བའི་ གཞི་གནད་ཅིག་ཨིན་མས།

དེ་སྦེ་ སླབ་དགོ་མི་དེ་ཡང་ ད་རེས་ནངས་པར་ གཞུང་གི་ཡིག་ཚང་དང་ གཙུག་སྡེ་ ལས་སྡེ་ཚུ་ནང་ལས་ཕར་ རྫོང་ཁ་ལུ་ སྤྲོ་བ་བསྐྱེད་མི་དང་ དང་ལེན་འབད་མི་ ཉུང་སུ་ཅིག་ལས་བརྒལ་མེད་ནི་དེ་གིས་ དམིགས་བསལ་དུ་ རྫོང་ཁའི་འབྲི་ལྷག་གི་ ཤེས་ཡོན་ཡལ་ཉམས་འགྱོ་ནི་གི་ གནོད་ཉེན་གུ་ལྷོད་པའི་ ནམ་དུས་ལུ་ གཞུང་གིས་ བར་ཞུགས་གནང་མི་དེ་ གནས་ཚུལ་ལེགས་ཤོམ་ཅིག་ཨིན་མས།

རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ ཐིམ་ཕུག་ལུ་ ཉིན་གྲངས་གསུམ་གྱི་རིང་ རྫོང་ཁ་ལག་ལེན་གྱི་ གདོང་ལེན་དང་ ཐབས་ལམ་བཏོན་ཐབས་ལུ་ གྲོས་ཚོགས་འགོ་འབྱེད་འབདཝ་ད་ བློན་ཆེན་གྱིས་ ཧེ་མའི་ རྒྱལ་ཡོངས་ཚོགས་འདུའི་ གྲོས་ཆོད་དང་འཁྲིལ་ ཞལ་འཛོམས་དང་ མི་མང་འཛོམས་སར་ གསུང་བཤད་དང་ གསལ་ཞུ་ཚུ་ གཞུང་སྐད་རྫོང་ཁའི་ཐོག་ལུ་ར་ གནང་ནི་དང་ བཅའ་མར་གཏོགས་མི་ ཕྱི་མི་ཚུ་ཡོད་པ་ཅིན་ དོར་ཁ་སྒྱུར་མི་ བཙུགས་ནི་གི་ ཁས་ལེན་གནང་མི་གིས་ མ་ཚད་པར་ སློབ་ཕྲུག་ཚུ་གི་ ཕན་ཐབས་ལུ་ གཞུང་ལས་ རིན་མེད་སྟོང་པར་ སློབ་སྟོན་འབད་འོང་ཟེར་ཡང་གསུངས་ཡི།

འདི་བཟུམ་མའི་ སྲིད་འབྲེལ་གྱི་ ཁས་བླངས་དང་ རྒྱབ་སྐྱོར་གནང་མི་དེ་ གཙོ་བོ་ར་ གྲུབ་འབྲས་ལུ་ རག་ལས་དགོཔ་ཨིན་རུང་ འདས་པའི་ཉམས་མྱོང་དང་འཁྲིལ་བ་ཅིན་ གཞུང་ལས་ ཁས་ལེན་གནང་པའི་ཤུལ་ལས་ ལག་ལེན་དངོས་བསྟར་ནང་ལྷོདཔ་ད་ མ་དངུལ་མེད་པའི་ གདོང་ལེན་ཚུ་ བྱུང་མི་ལུ་བརྟེན་ རྒྱལ་ཡོངས་སྐད་ཡིག་དེ་ ཡར་རྒྱས་འགྱོ་མ་ཚུགས་པར་ ལུས་མི་དེ་ ཀུན་གྱི་ཤེས་ས་དང་ མཐོང་ས་ལུ་ཨིན་མས།

མ་གཞི་ འབྲུག་པའི་གློག་བརྙན་དང་ འབྲུག་རྒྱང་བསྒྲགས་ དེ་ལས་ གསར་ཤོག་ཚུ་གིས་ རྫོང་ཁ་ལག་ལེན་དང་ དར་ཁྱབ་གཏང་ནི་ལུ་ ལྷན་ཐབས་འབད་བཞིན་དུ་ཡོད་རུང་ འབྲི་ལྷག་ཚུ་ནང་ལྷོདཔ་ད་ རྫོང་ཁ་གོང་འཕེལ་ལྷན་ཚོགས་དང་ ལས་སྡེ་རེ་རེ་གཉིས་ཀྱིས་ རྫོང་ཁའི་ཚིག་མཛོད་པར་སྐྲུན་འབད་མི་ཚུ་ནང་ ཡིག་སྡེབ་གཅིག་མཚུངས་མེད་པར་ སོ་སོར་ཡོད་མི་ལུ་བརྟེན་ སློབ་ཕྲུག་དང་ སྤྱིར་བཏང་མི་མང་ལུ་ མགུ་འཐོམ་སི་སི་ བཟོཝ་ཨིན་མས།

ང་བཅས་ཀྱིས་ རྫོང་ཁ་མི་ཉམས་གོང་འཕེལ་དང་ ཉམས་པ་སོར་ཆུད་འབད་ནི་ལུ་ གཙོ་རིམ་མ་བཟུང་པ་ཅིན་ ད་ལྟོ་བཟུམ་སྦེ་ ཨིང་སྐད་ལུ་ ཤུགས་ཐལ་ཏེ་ ཡིན་མ་རིངམོ་ཅིག་ལས་ རྒྱལ་ཡོངས་སྐད་ཡིག་ ཉམས་འགྱོ་ནི་གི་ ཉེན་ཁ་སྦོམ་ཡོད།

དེ་ཡང་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༡༧ ལུ་ གཞུང་གི་ཡིག་ཚང་༤༣ ལུ་ རྫོང་ཁ་ལག་ལེན་གྱི་ ཞིབ་འཇུག་ཅིག་འབདཝ་ད་ བརྒྱ་ཆ་༡༠ རྫོང་ཁ་དང་ བརྒྱ་ཆ་༩༠ ཨིང་སྐད་ནང་ ལག་ལེན་འཐབ་ཡོདཔ་སྦེ་ ཤེས་རྟོགས་བྱུང་ཡོད་མི་ལས་ གསལ་སྟོན་འབདཝ་མས།

འདི་འབདཝ་ལས་ ད་རེས་ ལྷན་ཚོགས་ཀྱི་ འགོ་འདྲེན་ཐོག་ལས་ རྫོང་ཁ་ལག་ལེན་གྱི་ གདོང་ལེན་དང་ ཐབས་ལམ་ཟེར་བའི་ བརྗོད་དོན་ཐོག་ལུ་ གྲོས་འཛོམས་གནངམ་དང་འབྲེལ་ རྫོང་ཁའི་མཁས་མཆོག་ཚུ་གིས་ ད་ལས་ཕར་ རྫོང་ཁ་གོང་འཕེལ་དང་ དར་ཁྱབ་ཀྱི་ དཀའ་ངལ་བསལ་ནིའི་དོན་ལུ་ འོས་འབབ་ལྡན་པའི་ གྲོས་འདེབས་དང་ ཐབས་ལམ་ཚུ་ གྲོས་ཐག་བཅད་ནི་དང་ མ་འོངས་མདུན་ལམ་གྱི་ འཆར་གཞི་དང་ ལམ་སྟོན་སྒྲིག་གཞི་བཟོ་དགོཔ་དེ་གལ་ཆེ།

འདི་འབདཝ་ད་ འཆར་གཞི་དང་ ལས་སྟོན་དང་འཁྲིལ་ ལག་ལེན་འཐབ་ཚུགསཔ་ བཟོ་ནིའི་དོན་ལུ་ གཞུང་གི་མནོ་ལུགས་བསྒྱུར་བཅོས་ཐོག་ ཁ་སྐམ་མེན་པར་ བརྩི་མཐོང་སྦོམ་བསྐྱེད་དེ་ རྒྱབ་སྐྱོར་དང་ མ་དངུལ་ཚུ་ཡང་ འབོར་ཆེ་ཏོག་ཏོ་སྦེ་གནང་དགོཔ་འདུག།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *