རྒྱལ་ཡོངས་སྐད་ཡིག་དང་ བརྡ་དོན་གཉིས་ཆ་ར་ ཁག་ཆེ་ནི།

༉ འབྲུག་རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་ འགོ་བཙུགས་ཞིནམ་ལས་ཚུར་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་འདི་ འབྲི་ལྷག་ནང་ ཡར་དྲག་མ་འགྱོ་རུང་ རྫོང་ཁ་སླབ་ཐངས་ཀྱི་ཐད་ལུ་ བསམ་བརྗོད་ལས་འདས་པའི་ གོང་འཕེལ་སོང་སྟེ་ཡོད་མི་དེ་ཡང་ སྲིད་དང་འབྲེལ་བའི་ གནད་དོན་ཚུ་ལུ་བརྟེན་ཨིན།

དེ་ཡང་ བཙག་འཐུའི་དོན་ལུ་ སྐུལ་བསྒྲགས་འབདཝ་ད་ རྒྱལ་ཡོངས་ཚོགས་འདུའི་ འདེམས་ངོ་དང་ སྲིད་འབྲེལ་མེད་པའི་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་ཚུ་གིས་ རྫོང་ཁའི་ཐོག་ལུ་ གསལ་བཤད་འབད་དགོཔ་དང་ སྤྱི་ཚོགས་ནང་ གསུང་གྲོས་ག་ཅི་ར་གནང་རུང་ རྒྱལ་ཡོངས་སྐད་ཡིག་ཐོག་ལུ་ར་ གསུང་གྲོས་གནང་དགོཔ་སྦེ་ བཟོ་ནི་དེ་གིས་ཨིནམ་ལས་ རྫོང་ཁ་མི་ཉམས་གོང་འཕེལ་དང་ ཉམས་པ་སོར་ཆུད་ཀྱི་དོན་ལུ་ ལྷན་ཐབས་སྦོམ་སྦེ་ར་བྱུང་ནུག།

དེ་འབདཝ་ད་ ད་རེས་ནངས་པར་ འགོ་ཐོག་བཙག་འཐུ་རན་མི་དང་བསྟུན་ རྒྱལ་ཁབ་ནང་འཁོད་ལུ་ སྤྱིར་སྙོམས་འཛོམས་འདུ་ འགོ་འདྲེན་འཐབ་ཐོག་ལས་ སྲིད་དོན་ཚོགས་པ་༤ གི་ འདེམས་ངོ་ཚུ་གིས་ སྐུལ་བསྒྲགས་འབད་བའི་བསྒང་ཡོད་རུང་ ས་གནས་ལ་ལོ་ཅིག་ནང་ སྐད་ཡིག་ལུ་བརྟེན་ མི་སེར་ཚུ་ལུ་ བརྡ་དོན་སྤྲོད་མ་ཚུགས་པའི་ གདོང་ལེན་བྱུང་པའི་ ལོ་རྒྱུས་འདུག།

དཔེར་ན་ ལྷོ་མཚམས་དང་ ཤར་ཕྱོགས་རྫོང་ཁག་ལ་ལོ་ཅིག་ནང་ མི་སེར་ཚུ་གིས་ སྤྱིར་སྙོམས་འཛོམས་འདུ་ནང་ གསལ་བཤད་ག་ཅིའི་སྐོར་ལས་ འབདཝ་ཨིན་ན་ ཧ་མ་གོ་བར་ ལ་ལོ་གཉིད་ལོགཔ་མ་ཚད་ ལ་ལོ་ཅིག་ འགྲུལ་འཕྲིན་ལག་ལེན་འཐབ་སྡོད་དོ་ཡོདཔ་ལས་ ལས་རིམ་འགོ་འདྲེན་འཐབ་མིའི་ དམིགས་ཡུལ་དེ་ ཁུངས་མེདཔ་འགྱོ་དོ་ཡོད་པའི་ ཚོར་སྣང་བྱུངམ་ཨིན་མས།

བཙག་འཐུ་ལྷན་ཚོགས་ཀྱིས་ སྤྱིར་སྙོམས་འཛོམས་འདུ་ འགོ་འདྲེན་འཐབ་དགོ་པའི་ དམིགས་ཡུལ་དེ་ ལེགས་ཤོམ་ཨིནམ་ལས་ དྲི་བཀོད་འབད་དགོ་པའི་ འོས་ཁུངས་མེད་མི་དེ་ཡང་ འཛོམས་འདུའི་ཐོག་ལས་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ བརྡ་དོན་སྤྲོད་དེ་ ཁོང་རའི་གདམ་ཁ་ཚུལ་ལྡན་སྦེ་ སྤྱོད་ནི་གི་ གྲོས་ཐག་བཅད་ཚུགས་ཐབས་ལུ་ཨིན་མས། ཨིན་རུང་ འདེམས་ངོ་ཚུ་གིས་ མི་སེར་ལུ་ གདོང་ལེན་ག་ཅི་བཟུམ་བྱུངམ་ཨིན་ན་དང་ ག་དེ་སྦེ་ སེལ་ཐབས་འབད་ནི་ཨིན་ནའི་སྐོར་ལས་ གསལ་བཤད་འབད་མི་དེ་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ ཧ་མ་གོ་བ་ཅིན་ འདི་བཟུམ་མའི་ འཛོམས་འདུ་འགོ་འདྲེན་འཐབ་དགོཔ་ཅིག་མིན་འདུག།

ཁ་སྐད་ཧ་མ་གོ་མི་ མི་སེར་ལ་ལོ་ཅིག་གིས་ རྒྱལ་ཁབ་ཀྱི་ངོ་རྟགས་ རྒྱལ་ཡོངས་སྐད་ཡིག་ལུ་ བརྩི་མཐོང་སྦོམ་ཡོད་རུང་ འབྲི་ལྷག་གི་ ཤེས་ཡོན་མེད་མི་ མི་གནགཔ་ཚུ་ ཁོང་རའི་ཁ་སྐད་རྐྱབ་མི་ལུ་བརྟེན་ རྫོང་ཁ་ནང་སླབ་ད་ ཧ་མ་གོ་བའི་བསྒང་ལས་ སྤྱིར་སྙོམས་འཛོམས་འདུ་ཚུ་ བྱ་སྒོ་ལམ་ལུགས་བཟུམ་ཅིག་ལུ་ གྱུར་སོ་ནུག།

འདི་འབདཝ་ལས་ རྫོང་ཁག་ལ་ལོ་ཅིག་ནང་ སྲིད་ཚོགས་ཀྱི་ ངོ་ཚབ་ལ་ལོ་ཅིག་གིས་ མི་སེར་ཚུ་ལུ་ གསལ་བཤད་འབད་ནི་དེ་ རྒྱལ་ཡོངས་སྐད་ཡིག་རྐྱངམ་གཅིག་ནང་མེན་པར་ ཁ་སྐད་གཞན་ནང་འབད་ཆོགཔ་ བཟོ་དགོ་པའི་ཞུ་ཡིག་ བཙག་འཐུ་ལྷན་ཚོགས་ལུ་བཙུགས་ནུག།

གནད་དོན་དེ་ ད་རེས་རྐྱངམ་གཅིག་མེན་པར་ འདས་པའི་བཙག་འཐུ་ཚུ་ནང་ཡང་ཐོན་ཡི།

འདེམས་ངོ་ཚུ་གིས་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ ཧ་གོ་ཚུགས་པའི་ ཁ་སྐད་ནང་ གསལ་བཤད་འབད་ཆོགཔ་ བཟོ་དགོ་ཟེར་སླབ་ད་ ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་ལུ་ བརྩི་མཐོང་མེདཔ་བཟོ་སྦེ་ གོ་བ་ལེན་ནི་མི་འོང་། ག་འཆརཔ་ཟེར་བ་ཅིན་ སྲིད་དོན་པ་ཚུ་གིས་ སྐུལ་བསྒྲགས་ཚུ་ རང་སོའི་ཁ་སྐད་ནང་ འབད་བ་ཅིན་ མི་སེར་ཚུ་ལུ་ གོ་བརྡ་ལེགས་ཤོམ་སྦེ་ སྤྲོད་ཚུགས་ནི་དང་ ཡིད་ཆེས་བསྐྱེད་ཚུགསཔ་ བཟོ་ནི་དེ་ དམངས་གཙོའི་བྱ་རིམ་ཅིག་འབད་ནི་དེ་གིས་ཨིན།

ང་བཅས་རའི་ རྒྱལ་ཡོངས་ཀྱི་ དམིགས་ཡུལ་དང་ རེ་བ་དེ་ར་ བཙག་འཐུ་ཚུ་ རང་མོས་དང་ རྣམ་དག་གི་སྒོ་ལས་ འགོ་འདྲེན་འཐབ་ནི་དེ་ཨིནམ་བཞིན་དུ་ བཙག་འཐུའི་བྱ་རིམ་སྐབས་ རྒྱལ་ཡོངས་སྐད་ཡིག་ ག་དེ་དྲག་དྲག་ གོང་འཕེལ་གཏང་ནི་གི་ གོ་སྐབས་ལེནམ་དང་གཅིག་ཁར་ མི་སེར་ཚུ་གིས་ཡང་ ཁོང་ལུ་ བརྡ་དོན་སྤྲོད་མི་ཚུ་ ལེགས་ཤོམ་སྦེ་ ཧ་གོ་དགོཔ་དེ་གལ་ཆེ།

About admin

Check Also

ཧམ་འཛུལ་པ་ཚུ་ལུ་ ལུང་ནག་ན་ ས་ཁོངས་ནང་ མ་འགྱོ་ཟེར་ ཧེ་མ་ལས་ དྲན་བསྐུལ་འབད་ཡོདཔ།

༉ དུས་ཅི་ ལུང་ནག་ན་ལུ་ དབྱར་རྩྭ་དགུན་འབུབ་ཀྱི་ སྤུས་ཚད་དང་ ཐོན་སྐྱེད་གཉིས་ཆ་ར་ ལེགས་ཤོམ་ཡོད་རུང་ རང་སོའི་ས་ཁོངས་ནང་ ཐོན་སྐྱེད་དཀོན་དྲགས་ཡོད་མི་ལུ་བརྟེན་ རྫོང་ཁག་གཞན་ཁའི་ མི་ཚུ་གིས་ ཧམ་འཛུལ་ཐོག་ལས་ དབྱར་རྩྭ་དགུན་འབུབ་འཐུ་བར་སོང་ནུག་ཟེར་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ …

Leave a Reply

Your email address will not be published. Required fields are marked *