རྒྱལ་ཡོངས་འོང་འབབ་ བརྒྱ་ཆ་༢༤ ཡར་སེང་སོང་ཡོདཔ།

༉ རྩིས་ལོ་༢༠༡༧-༡༨ ལུ་ རྒྱལ་ཡོངས་འོང་འབབ་ དངུལ་ཀྲམ་ཐེར་འབུམ་༣༦.༨༧ གུ་ལྷོད་མི་དེ་ རྩིས་ལོ་༢༠༡༦-༡༧ དང་ཕྱདཔ་ད་ བརྒྱ་ཆ་༢༤ ཡར་སེང་སོང་ཡོདཔ་ཨིན་པས།
རྩིས་ལོ་༢༠༡༧-༡༨ ཀྱི་ བསྒྱུར་བཅོས་འགྱོ་ནི་ཨིན་མི་ སྙན་ཞུ་དང་འཁྲིལཝ་ད་ ཁྲལ་གྱི་འོང་འབབ་དེ་ དངུལ་ཀྲམ་ཐེར་འབུམ་༢༧.༡༠ གུ་ལྷོད་མི་དེ་ རྩིས་ལོ་༢༠༡༦-༡༧ དང་ཕྱདཔ་ད་ བརྒྱ་ཆ་༢༥ དེ་ཅིག་ ཡར་སེང་སོང་ཡོདཔ་ཨིན་པས།
ཡར་སེང་འགྱོ་དགོ་མི་དེ་ཡང་ གློག་མེ་ལས་འགྲུལ་ཚུ་ལས་ཐོབ་མི་ སྤྱོད་ཁྲལ་དང་ ནང་ཁྲལ་ ཅ་དམ་ཁྲལ་ ལས་སྡེའི་འོང་འབབ་ཁྲལ་ རང་སོའི་འོང་འབབ་ཁྲལ་ དེ་ལས་ ཚོང་ཁྲལ་ཚུ་ལུ་བརྟེན་ཨིན་པས།
དེ་ལས་ ཁྲལ་མིན་འོང་འབབ་ཚུ་ཡང་ སྤྱོད་ཁྲལ་དང་ བདག་སྐྱོང་དང་འབྲེལ་བའི་འཐུས་ དེ་ལས་ བགོ་བཤའ་བསྡུ་ལེན་འབད་མི་ལས་ དངུལ་ཀྲམ་ཐེར་འབུམ་༩.༧༦ ཐོབ་ཡོདཔ་ལས་ དེ་གིས་ འོང་འབབ་ནང་བརྒྱ་ཆ་༢༢ ཡར་སེང་སོང་ཡོདཔ་ད་ དེ་ཚུ་ག་ར་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལས་ ཐོབ་ཡོདཔ་ཨིན་པས།
འོང་འབབ་ཡོངས་བསྡོམས་ལས་ ཁྲལ་གྱི་འོང་འབབ་ བརྒྱ་ཆ་༧༣.༥ དང་ ཁྲལ་མིན་འོང་འབབ་ བརྒྱ་ཆ་༢༦.༥ འི་རྩིས་ཨིན་པས།
རྩིས་ལོ་དེ་ནང་ ལས་འཛིན་ཁག་གི་ འོང་འབབ་ཀྱི་ཁྲལ་ བསྡུ་མི་དེ་གིས་ཡང་ དངུལ་ཀྲམ་ཐེར་འབུམ་༨.༡༧ ཐོབ་ཡོད་མི་ལས་ དངུལ་ཀྲམ་ཐེར་འབུམ་༩.༠༣ ལུ་ ཡར་སེང་འབད་ནི་ལུ་ ལྷན་ཐབས་འབད་ནུག།
ཚོང་འབྲེལ་འོང་འབབ་ཁྲལ་ཐད་ཁར་ དངུལ་ཀྲམ་ཐེར་འབུམ་༡.༢༧ ལས་ ཐེར་འབུམ་༡.༤༩ ལུ་ཡར་སེང་སོང་ཡོདཔ་ད་ རང་སོའི་འོང་འབབ་ཁྲལ་དེ་ཡང་ དངུལ་ཀྲམ་ས་ཡ་༩༥༧ ལས་ ཐེར་འབུམ་༡.༣༤ ལུ་ ཡར་སེང་སོང་ཡོདཔ་ཨིན་པས།
འོང་འབབ་དེ་ཅིག་ ཐོབ་ཚུགས་མི་དེ་ཡང་ ཅ་དམ་ཡིག་ཚང་ནང་ རེ་མིས་ཟེར་མི་ ཁྲལ་བདག་སྐྱོང་འབད་ནིའི་ ལམ་ལུགས་གསརཔ་ འགོ་བཙུགས་མི་ལུ་བརྟེན་ འོང་སྲིད་ནི་ཨིན་པས།
འོང་འབབ་དེ་ནང་ ཚོང་ཁྲལ་གྱིས་ དངུལ་ཀྲམ་ཐེར་འབུམ་༤.༢ ལྷན་ཐབས་འབད་ཡོད་མི་དེ་ཡང་ རྩིས་ལོ་༢༠༡༦-༡༧ གྱི་ལོ་དང་ཕྱདཔ་ད་ དངུལ་ཀྲམ་ས་ཡ་༤༠༠ དེ་ཅིག་ ཡར་སེང་སོང་ཡོདཔ་ཨིན་པས།
རྩིས་ལོ་དེ་ནང་ ནང་ཁྲལ་གྱི་འོང་འབབ་དེ་ཡང་ དངུལ་ཀྲམ་ཐེར་འབུམ་༡.༣ དེ་ཅིག་ ཡར་སེང་སོང་ཡོདཔ་མ་ཚད་ སྔོ་ལྗང་ཁྲལ་ཡང་ དངུལ་ཀྲམ་ས་ཡ་༢༩ དེ་ཅིག་ ཐོ་བཀོད་འབད་ཡོདཔ་ཨིན་པས།
ཁྲོམ་སྡེའི་ས་ཁྲལ་དེ་ དངུལ་ཀྲམ་ས་ཡ་༢.༩ ལས་ ལོག་ལྟབ་ཀྱིས་ཡར་སེང་སོང་སྟེ་ དངུལ་ཀྲམ་ས་ཡ་༦.༠༥ ལུ་ལྷོད་ཡོདཔ་ད་ སྤྱོད་ཁྲལ་ཡང་ རྩིས་ལོ་༢༠༡༦-༡༧ ལུ་ དངུལ་ཀྲམ་ཐེར་འབུམ་༡.༩ ལས་ རྩིས་ལོ་༢༠༡༧-༡༨ ལུ་ དངུལ་ཀྲམ་ཐེར་འབུམ་༣.༨ ལུ་ ཡར་སེང་སོང་ཡོདཔ་ཨིན་པས།
རྩིས་ལོ་༢༠༡༦ ལས་༢༠༡༧ གྱི་བར་ན་ སྤྱོད་ཁྲལ་དངུལ་ཀྲམ་ཐེར་འབུམ་༡.༩ ཡོད་མི་དེ་ རྩིས་ལོ་༢༠༡༧ ལས་༢༠༡༨ ལུ་ ཐེར་འབུམ་༣.༨ གུ་ ཡར་སེང་སོང་མི་དེ་ཡང་ གློག་མེ་ལས་འགུལ་ཚུ་ལས་ཐོབ་མི་ སྤྱོད་ཁྲལ་དེ་ དངུལ་ཀྲམ་ས་ཡ་༡༤༢ ལས་ ཐེར་འབུམ་༡.༩༩ ལུ་ རྒྱ་ཆེ་དྲགས་སྦེ་ ཡར་སེང་སོང་ཡོདཔ་ཨིན་པས།
ཁྲལ་མེན་པའི་འོང་འབབ་ཀྱི་ཐད་ཁར་ལྷོདཔ་ད་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་ཀྱིས་ བགོ་བཤའ་དངུལ་ཀྲམ་ཐེར་འབུམ་༤ ལྷགཔ་ཅིག་ ལོག་སྤྲོད་ཡོད་མི་དེ་ འོང་འབབ་ཡོངས་བསྡོམས་ལས་ བརྒྱ་ཆ་༩༨.༩ དེ་ཅིག་གི་རྩིས་ཨིན་པས།
དེ་མ་ཚད་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ སྤྱི་ལོ་༢༠༡༦ དང་༢༠༡༧ ལུ་ འོང་འབབ་ལྷག་ཐེབས་ དངུལ་ཀྲམ་ས་ཡ་༨༤༧ ལས་ རྩིས་ལོ་དེ་ནང་ དངུལ་ཀྲམ་ཐེར་འབུམ་༡ ལུ་ ཡར་སེང་སོང་ནུག།
གསོ་བའི་བདག་སྐྱོང་དང་འབྲེལ་བའི་ ཞབས་ཏོག་གི་འཐུས་ བསྡུ་མི་དེ་གིས་ དངུལ་ཀྲམ་ས་ཡ་༣༣.༦ དང་ ཕྱི་མི་ནང་སྐྱོད་ལས་དང་འབྲེལ་བའི་ ཞབས་ཏོག་ལས་ འོང་འབབ་དངུལ་ཀྲམ་ས་ཡ་༢༢༦ དེ་ཅིག་ འོང་འབབ་ལུ་ ལྷན་ཐབས་འབད་ནུག།
ཨིན་རུང་ རིན་བསྡུར་ཡིག་ཆ་བཙོང་མི་ལས་ ཐོབ་མི་ཁྲལ་དེ་ དངུལ་ཀྲམ་ས་ཡ་༢ ལས་ ཡ་ས་༡.༣ ལུ་ མར་བབས་སོང་ཡོདཔ་ཨིན་པས།
རྩིས་ཞིབ་དབང་འཛིན་གྱིས་ ལོག་ཐོབ་མི་མ་དངུལ་དེ་ཡང་ དངུལ་ཀྲམ་ས་ཡ་༡༠.༢ ལས་ དངུལ་ཀྲམ་ས་ཡ་༢༣.༢ ལུ་ ལོག་ལྟབ་ཀྱིས་ ཡར་སེང་སོང་ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ རྣམ་རྒྱལ་དབང་མོ།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *