༉ ད་རིས་ལས་ འགོ་བཙུགས་ནི་ཨིན་མི་ རྒྱལ་ཡོངས་ཚོགས་སྡེའི་ ཚེགས་ཐེངས་༢༡ པའི་ གྲོས་གཞི་དང་འཁྲིལཝ་ད་ དཔྱད་ཡིག་གསརཔ་ཚུ་ ངོ་སྤྲོད་འབད་ནི་མེདཔ་སྦེ་ ཨིན་པས།
ཚོགས་སྡེའི་ཁྲི་འཛིན་འོགམ་ འཇིགས་མེད་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ གཞུང་གི་ གནས་ཡུན་ མཇུག་བསྡུ་ནིའི་གུ་ ལྷོད་ཡོདཔ་ལས་ ད་རེས་ཀྱི་ཚོགས་ཐེངས་འདི་ བདུན་ཕྲག་༢ རྐྱངམ་གཅིག་ འགོ་འདྲེན་འཐབ་ནི་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་སྡེ་གིས་ ཚོགས་ཐེངས་འགོ་མ་བཙུགས་པའི་ཧེ་མ་དང་ མཇུག་བསྡུཝ་ད་ ཨ་རྟག་ར་ བརྡ་བརྒྱུད་དང་གཅིག་ཁར་ གྲོས་འཛོམས་འགོ་འདྲེན་འཐབ་ཨིན་པས།
ད་རེས་ཀྱི་ ཚོགས་ཐེངས་འདི་ནང་ ཁྲིམས་ཀྱི་སྟེགས་གསོའི་ཞབས་ཏོག་དང་ ཐོན་ཁུངས་མེད་པའི་ མི་ངོམ་ཚུ་ལུ་ ཁྲིམས་ཀྱི་སྟེགས་གསོ་ཕུལ་དགོ་པའི་སྐོར་དང་ གཞུང་ལས་ མི་སེར་ལུ་ཞབས་ཏོག་གི་ལྷོད་ལམ་དང་ དེའི་ལག་ལེན་ ས་གནས་གཞུང་གི་འཐུས་མི་ཚུ་གི་ ངལ་གསོའི་ཐོབ་ཐངས་སྐོར་དང་ ཆུ་འཛོམས་ས་ལས་ སྦས་གླང་བྲག་བར་ནའི་ འཁོར་ལམ་རྩི་ནག་གཏང་ནིའི་དོན་ལུ་ འཆར་དངུལ་བཞག་དགོ་པའི་ སྐོར་ལས་ གྲོས་བསྡུར་འབད་ནི་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་ལས་མི་སེར་གྱི་ ཞབས་ཏོག་ཟེར་བའི་སྐབས་ ཞབས་ཏོག་ཚུ་ ཡོངས་འབྲེལ་ཐོག་ལས་ བྱིན་མི་དེ་གིས་ ཐད་ཁར་དུ་ མི་སེར་གྱི་ དཀའ་ངལ་སེལ་ཐབས་ལུ་ཨིན་ཟེར་ སླབ་དོ་ཡོད་རུང་ འཐུས་མི་ཚུ་གིས་ མི་སེར་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་པའི་སྐབས་ མི་སེར་ཚུ་གིས་ ཧེ་མ་བཟུམ་སྦེ་ར་ ལཱ་ཡོད་པ་ཅིན་ ཡིག་ཚང་ནང་འབད་དོ་ཡོདཔ་མ་གཏོགས་ ཞབས་ཏོག་ཚུ་ སྤྱོད་ནི་མེདཔ་སྦེ་ སླབ་དོ་ཡོདཔ་ལས་ གཞུང་གིས་ ཞབས་ཏོག་སྤྲོད་དོ་ཟེར་མི་དང་ མི་སེར་ལུ་ ཕན་ཐོགས་མེདཔ་གཉིས་ རྟགས་མི་མཐུན་པས་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ཁ་ཐུག་ལས་ ཞིབ་འཚོལ་འགོ་དཔོན་དང་ རྒྱབ་སྐྱོར་པ་ལུ་ རྒེད་འོག་དག་པ་ཅིག་ ངོས་འཛིན་འབད་དེ་ ཞིབ་འཚོལ་འབད་བཅུག་པའི་སྐབས་ གཞུང་གིས་སླབ་མི་དང་ མི་སེར་གྱིས་སླབ་མི་གཉིས་ རྟགས་མཐུན་མ་མཐུན་ལྟཝ་ད་ རྟགས་མ་མཐུནམ་སྦེ་ ཐོན་པའི་ཤུལ་ལས་ གཞུང་ལུ་གྲོས་འདེབས་ཕུལ་ཡོདཔ་ལས་ དེ་གི་དང་ལེན་སྙན་ཞུ་དེ་ སྤྱི་ཟླ་༦ པའི་ཚེས་༡༨ ལུ་ འབད་འོང་ཟེར་ཨིན་པས།
དེ་བཟུམ་སྦེ་ ས་གནས་གཞུང་གི་ཐོབ་ལམ་དང ཐོབ་ཐངས་དཔྱད་ཡིག་ནང་ རྒཔོ་དང་ དམངས་མི་ལ་སོགས་པ་ཚུ་གི་ ཐོབ་ཐངས་ཧིང་སངས་ས་སྦེ་ འཁོད་དེ་ཡོད་རུང ལ་ལོ་ཅིག་ ཐོབ་ཐངས་ཡོད་རུང་ མ་འཐོབ་པར་ཡོདཔ་ལས ཞིབ་འཚོལ་འབད་དེ་ གྲོས་འདེབས་ཕུལ་ཡོད་མི་དེ་གི་ སྙན་ཞུ་ཚུ་ཡང་ སྤྱི་ཟླ་༦ པའི་ཚེས་༡༨ ལུ་ ཕུལ་འོང་ཟེར་ཨིན་པས།
འཆར་དངུལ་སྙན་ཞུ་ནང་ ཆུ་འཛོམས་ས་ལས་ སྦས་གླང་བྲག་ཚུན་ རྩི་ནག་གཏང་ནིའི་ འཆར་དངུལ་ བགོ་བཀྲམ་འབད་ཡོདཔ་སྦེ་ འཁོད་དེ་ཡོད་རུང་ ཤུལ་ལས་ རྒྱལ་ཡོངས་ཚོགས་སྡེ་གིས་ འཆར་དངུལ་ བགོ་བཀྲམ་མ་འབདཝ་སྦེ་ བདའ་ཟུན་ནུག།
དེ་བཟུམ་སྦེ་ ཚོགས་ཐེངས་འདི་ནང་ འབྲུག་གི་རྩིས་ཞིབ་དཔྱག་ཡིག་༢༠༡༧ ཅན་མར་ མོས་མཐུན་མ་འབྱུང་པའི་གནད་དོན་གུ་ གྲོས་བསྡུར་འབད་ནི་དང་ དངུལ་འབྲེལ་རྩིས་ཞིབ་ཀྱི་ བསྐྱར་ཞིབ་སྙན་ཞུ་གུ་ གྲོས་བསྡུར་འབད་ནི་ དེ་ལས་ ཚོགས་ཐེངས་༡༠ པའི་ གྲོས་ཆོད་དང་ལེན་གནས་རིམ་གུ་ གྲོས་བསྡུར་ཚུ་ འབད་ནི་ཨིན་པས།
ད་རུང་ འབབ་ཁུངས་ཐོག་གི་ ཁྲལ་རིགས་ལུ་བརྟེན་པའི་ ཁྲས་གཉིས་བརྩེགས་ མི་འགྱོ་ནིའི་ཐབས་ལམ་དང་ འབྱུང་ཁུངས་ཟུར་ཐབས་ལས་ སྔོན་འགོག་འབད་ནིའི་དོན་ལུ་ འབྲུག་གཞུང་དང་ བང་ལ་དེཤི་གཞུང་གི་བར་ནའི་ཆིངས་ཡིག་གུ་ རྒྱབ་སྣོན་ཆ་འཇོག་འབད་ནི་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་༢༠༡༧ གསལ་ཞུ་ཕུལ་ནི་ འཆར་དངུལ་དང་ དཔྱ་བགོའི་དཔྱད་ཡིག་༢༠༡༨ དང་༢༠༡༩ ཅན་མའི་ ངོ་སྤྲོད་དང་གྲོས་བསྡུར་ དེ་ལས་ ཆ་འཇོག་འབད་ནི་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།