༉ དུས་ཅི་ རྒྱལ་ཡོངས་ཚོགས་སྡེ་ནང་ བཅའ་མར་གཏོགས་མི་ འདེམས་ངོ་མང་ཤོས་ཅིག་ ལོ་ན་གཞོནམ་ཨིནམ་ད་ དེ་ཡང་ འདེམས་ངོ་ཡོངས་བསྡོམས་༡༢༧ ལས་༧༣ སྐྱེས་ལོ་༣༠ སོ་གྲངས་ནང་འབད་མི་ཚུ་ཨིན་པས།
དེ་ཚུ་ བརྒྱ་ཆ་ལས་འབད་བ་ཅིན་ སྐྱེས་ལོ་༣༠ སོ་གྲངས་ནང་འབད་མི་ བརྒྱ་ཆ་༥༧ དེ་ཅིག་ཡོདཔ་ད་ སྐྱེས་ལོ་༤༠ ཞེ་གྲངས་འབད་མི་༡༩ དང་ སྐྱེས་ལོ་༥༠ ལྔ་གྲངས་ནང་༡༧ དེ་ལས་ ཉེར་གྲངས་ནང་༡༨ ཡོདཔ་ཨིན་པས།
ཁོང་གི་གྲས་ལས་ ཆུང་ཤོས་དེ་ར་ སྐྱེས་ལོ་༢༥ འབད་མི་དང་ རྒས་ཤོས་སྐྱེས་ལོ་༥༩ ལང་མི་ཡོདཔ་ད་ འདེམས་ངོ་ཚུ་གི་ ལོ་ཚད་དང་གནས་སྡུད་ཚུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ ཡོངས་འབྲེལ་འཆར་སྒོ་ནང་ལས་ ཤེས་ཚུགས་ནི་ཨིན་པས།
ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འདེམས་ངོ་ཚུ་གི་གནས་སྡུད་ཚུ་ ཡོངས་འབྲེལ་ནང་ལས་ འཐོབ་ཚུགསཔ་བཟོ་མི་དེ་ འགྲེམ་ཐོག་གི་ ཚོགས་རྒྱན་བཙུགས་མི་ཚུ་གིས་ རང་སོའི་འདེམས་ངོའི་སྐོར་ལས་ ཤེས་ནི་ལུ་སྤྲོ་བ་ཡོད་པ་ཅིན་ འཇམ་ཏོང་ཏོ་སྦེ་ ཤེས་ཚུགས་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
འདེམས་ངོ་༡༢༧ ལས་༢ ལུ་ དགེ་བཤེས་ཀྱི་ཤེས་ཚད་ཡོདཔ་ད་ གཞན་༣༨ ལུ་ གཙུག་ལག་ཤེས་ཚད་༨༧ ལུ་ མཐོ་རིམ་ཤེས་ཚད་ཡོདཔ་ད་ དེ་ལས་ ཁོང་༥ དེ་ཅིག་ལུ་ ཁྲིམས་དོན་ཤེས་ཚད་ཡོདཔ་ད་ འདེམས་ངོ་ཡོངས་བསྡོམས་ལས་༦ ཨམ་སྲུ་ཨིན་པས།
འདེམས་ངོ་༡༢༧ གྱི་གྲས་ཁར་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་བགྲེསཔ་༡༢ ཡོདཔ་ད་ མ་གཞི་ཁོང་༡༤ གིས་ བཅའ་མར་གཏོགས་ས་ལས་ རྩི་རང་གི་འཐུས་མི་བགྲེསཔ་ ཀ་མཱལ་ བྷ་དུར་ གུ་རུང་དང་ མགར་སའི་འཐུས་མི་བགྲེསཔ་ སངས་རྒྱས་མཁའ་འགྲོ་༢ པོ་དེ་ རྒེད་འོག་གི་གནས་ཚད་ལས་ བཙག་འཐུ་གྲུབ་མ་ཚུགསཔ་ཨིན་པས།
ད་ལྟོ་ བཅའ་མར་གཏོགས་མི་ ཁོང་༡༢ པོ་དེ་ བུམ་ཐང་གི་ཉི་མ་དང་ ཆུ་ཁའི་པདྨ་བསྟན་འཛིན་ ལྷུན་རྩེའི་བསྟན་པ་རྡོ་རྗེ་ མོང་སྒར་གྱི་བསོད་ནམས་དབང་ཕྱུག་ གསར་སྤང་གི་ དཱན་བྷ་དུར་ མོང་གར་ ཐིམ་ཕུག་གི་ ཉི་མ་རྒྱལ་མཚན་ བཀྲིས་གཡང་རྩེའི་ བཀྲིས་ཕུན་ཚོགས་ དབང་འདུས་ཀྱི་ བཀྲིས་རྡོ་རྗེ་ ཀྲོང་གསར་གྱི་ མཐར་ཕྱིན་ ཧཱ་གི་ ཚེ་རིང་རྡོ་རྗེ་ བསམ་གྲུབ་ལྗོངས་མཁར་གྱི་ འཇིགས་མེད་དབང་ཕྱུག་ དེ་ལས་ གཞལམ་སྒང་གི་ པདྨ་གྲགས་པ་ཚུ་ཨིན་པས།
ཧཱ་གི་ ཚེ་རིང་རྡོ་རྗེ་དང་ བསམ་གྲུབ་ལྗོངས་མཁར་གྱི་ འཇིགས་མེད་དབང་ཕྱུག་༢ པོ་ ད་རེས་འབདཝ་ད་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ཐེངས་༣ པའི་ནང་ བཅའ་མར་གཏོགས་ཡོདཔ་ད་ ཁོང་༢ ཀྱིས་ སྤྱི་ཚོགས་དང་པ་དང་༢ པའི་ནང་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་སྦེ་ ཕྱག་ཞུ་ནུག།
མ་གཞི་ རྒེད་འོག་གི་གནས་ཚད་ནང་ལས་ གདམ་ངོའི་འཛོམས་འདུ་ འགོ་འདྲེན་འཐབ་པའི་སྐབས་ འདེམས་ངོ་༡༣༠ གདམ་འཐུ་གྲུབ་ཡོདཔ་ཨིན་རུང་ མི་༣ གྱི་འདེམས་ངོ་ ཆ་མེད་སོང་ཡོད་མི་ལས་༢ ཀྱི་ ཤེས་ཚད་ཀྱི་ཡིག་ཆ་ དུས་ཚོད་ཁར་ བཙག་འཐུ་ལྷན་ཚོགས་ལུ་ སྤྲོད་མ་ཚུགས་པའི་དཀའ་ངལ་ཐོན་ཡོདཔ་ད་ གཞན་མི་༡ པོ་གིས་ བཙག་འཐུ་ནང་ བཅའ་མར་མི་གཏོགས་ནི་སྦེ་ ཕྱིར་བཏོན་འབད་ནུག།
འདེམས་ངོ་༡༢༧ ལས་ མཐོ་ཤོས་ མོང་སྒར་རྫོང་ཁག་ལུ་༡༣ ཡོདཔ་ད་ ཉུང་ཤོས་དེ་ བུམ་ཐང་ལུ་༢ ལས་བརྒལ་མེདཔ་ད་ ད་རེས་ནངས་པར་ འབྲུག་རྒྱང་བསྒྲགས་ལས་འཛིན་དང་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ཕྱི་རུ་ཨ་རྟག་ར་ འདེམས་ངོ་ཚུ་གི་ རྩོད་འགྲན་ལས་རིམ་ རྒྱང་མཐོང་ཊི་བི་ནང་ དངོས་མཐོང་སྦེ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པའི་ གནས་ཚུལ།
བསྟན་འཛིན་རྣམ་རྒྱལ།