༉ དུས་ཅི་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ རྩ་ཁྲིམས་ཅན་གྱི་ སྤྱི་ཚོགས་༣ པའི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དོན་ལུ་ གསང་བའི་ཚོགས་རྒྱན་ འགོ་འདྲེན་འཐབ་པའི་སྐབས་ གདམ་ངོ་༡༣༠ གིས་ བཅའ་མར་གཏོགས་ནི་ཨིན་པས།
དེ་ཡང་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ གནས་སྐབས་ཀྱི་ ཐོ་དང་འཁྲིལ་བ་ཅིན་ རྒེད་འོག་དང་ ཁྲོམ་སྡེ་ཚུ་ནང་ གདམ་ངོའི་འཛོམས་འདུ་འགོ་འདྲེན་འཐབ་པའི་སྐབས་ གདམ་ངོ་༡༣༠ བཙག་འཐུ་གྲུབ་ཡོདཔ་ལས་ ཁོང་གིས་ རྫོང་ཁག་གི་གནས་ཚད་ནང་ དོ་འགྲན་འབད་ནི་ཨིན་པས།
མ་གཞི་ གདམ་ངོའི་འཛོམས་འདུ་ནང་ དང་འདོད་ཅན་གྱི་ རྒྱལ་ཡོངས་ཚོགས་སྡེའི་ མི་ངོམ་སྦེ་ བཅའ་མར་གཏོགས་མི་༡༧༢ ཐོན་ཡོད་རུང་ མི་ངོམ་༤༢ གདམ་འཐུ་གྲུབ་མ་ཚུགསཔ་ལས་ ཁོང་གིས་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་བཙག་འཐུ་ནང་ བཅའ་མར་གཏོགས་མི་ཚུགས་ནི་ཨིན་པས།
གདམ་ངོ་མཐོ་ཤོས་ མོང་སྒར་རྫོང་ཁག་ནང་༡༣ དང་ དེའི་འོག་ལས་ རྩི་རང་ནང་༡༢ དར་དཀར་ནང་ལུ་༡༠ བསམ་རྩེ་ལུ་༩ སྤུ་ན་ཁ་དང་ བཀྲིས་སྒང་ལུ་༨ རེ་ གསར་སྤང་ལུ་༧ ཆུ་ཁ་དང་ བཀྲིས་གཡང་རྩེ་ སྤ་རོ་ དེ་ལས་ པདྨ་དགའ་ཚལ་ལུ་༦ རེ་ ལྷུན་རྩེ་ བསམ་གྲུབ་ལྗོངས་མཁར་ ཐིམ་ཕུག་ དབང་འདུས་ཕོ་བྲང་ དེ་ལས་ གཞལམ་སྒང་ལུ་༥ རེ་ མགར་ས་དང་ ཧཱ་ལུ་༣ རེ་ དེ་ལས་ ཀྲོང་གསར་ལུ་༣ དང་ ཉུང་ཤོས་ར་ བུམ་ཐང་ལུ་༢ ལས་བརྒལ་མེདཔ་ཨིན་པས།
གདམ་ངོ་ཚུ་ རྒེད་འོག་༢༠༥ དང་ རྫོང་ཁག་ཁྲོམ་༡༩ ག་ར་ལས་ར་ ཐོན་མི་མེདཔ་མ་ཚད་ རྒེད་འོག་དང་ཁྲོམ་སྡེ་༦༡ ལས་ གདམ་ངོ་ཐོན་མི་མེདཔ་ད་ རྫོང་ཁག་ཁྲོམ་སྡེ་༡༩ དེ་ཅིག་ལས་༡༡ རྐྱངམ་གཅིག་ལས་ གདམ་ངོ་ཐོན་ཡོདཔ་ཨིན་པས།
དང་འདོད་ཅན་གྱི་མི་ངོམ་དེ་ མཐོ་ཤོས་ར་ རྩི་རང་ལས་༡༨ དང་ དེའི་འོག་ལས་ དར་དཀར་ནང་དང་ མོང་སྒར་ལས་༡༧ རེ་ཐོན་ཡོདཔ་ད་ ཉུང་ཤོས་དེ་ བུམ་ཐང་དང་ ཀྲོང་གསར་རྫོང་ཁག་ལས་༢ རེ་ལས་བརྒལ་ ཐོན་མི་མེད་མི་༢ པོ་ཆ་ར་ རྒེད་འོག་གི་གནས་ཚད་ལས་ གདམ་འཐུ་གྲུབ་ནུག།
གདམ་ངོའི་འཛོམས་འདུ་ནང་ རྒེད་འོག་ཚོགས་སྡེའི་འཐུས་མི་བགྲེསཔ་༡༤ གིས་ བཅའ་མར་གཏོགས་མིའི་གྲས་ལས་ མགར་ས་ཁ་སྟོད་རྒེད་འོག་ལས་ འཐུས་མི་བགྲེསཔ་ སངས་རྒྱས་མཁའ་འགྲོ་དང་ རྩི་རང་མནྜལ་སྒང་རྒེད་འོག་ལས་ འཐུས་མི་བགྲེསཔ་ ཀ་མཱལ་གུ་རུང་༢ བཙག་འཐུ་གྲུབ་མ་ཚུགས་པས།
དང་འདོད་ཅན་གྱི་ མི་ངོམ་གྲས་ཁར་ ཨམ་སྲུ་༨ ཐོན་ཡོདཔ་ད་ དེ་ཡང་ དར་དཀར་ནང་དང་ སྤུ་ན་ཁ་ལས་༢ རེ་དང་ ཆུ་ཁ་དང་ མོང་སྒར་ བསམ་གྲུབ་ལྗོངས་མཁར་ དེ་ལས་ རྩི་རང་རྫོང་ཁག་ཚུ་ལས་ རེ་རེ་ཡོདཔ་ད་ ཁོང་གི་གྲས་ལས་༢ གདམ་འཐུ་གྲུབ་མ་ཚུགས་པའི་གནས་ཚུལ།
བསྟན་འཛིན་རྣམ་རྒྱལ།