༉ ཁ་ཙ་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་གི་ གོམས་འདྲིས་ལས་རིམ་ ཉིནམ་༢ པའི་ནང་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་བགྲེསཔ་ དྲགོས་བསོད་ནམས་ཀུན་དགའ་གིས་ དེང་སང་ འབྲུག་གི་རྒྱལ་བརྒྱུད་རྒྱལ་ཁབ་ཀྱི་ ཁྱད་ཆོས་དང་ སྤྱིར་བཏང་རྒྱལ་བརྒྱུད་རྒྱལ་ཁབ་ དེ་ལས་ རྒྱལ་ཁབ་རང་བཙན་གྱི་སྐོར་ལས་ གསལ་བཤད་འབད་ཡི།
དྲགོས་བསོད་ནམས་ཀུན་དགའ་གིས་ཀྱི་འབད་བ་ཅིན་ འཛམ་གླིང་ནང་ རྒྱལ་ཁབ་༡༩༥ ཡོད་མིའི་གྲས་ལས་ སྲིད་འཛིན་རིང་ལུགས་ཀྱི་ རྒྱལ་ཁབ་མངམ་ཡོད་པའི་ཁར་ རྒྱལ་བརྒྱུད་ཀྱི་རྒྱལ་ཁབ་ ཉུང་སུ་གཅིག་ལས་བརྒལ་ མིན་འདུག་ཟེར་ཨིནམ་ད་ ཧི་མ་ལ་ཡཱན་རྒྱལ་ཁབ་ཚུ་ནང་ ཧེ་མ་ལས་ རྒྱལ་བརྒྱུད་ཀྱི་ རྒྱལ་ཁབ་སྦེ་ དབུ་བརྙེས་མི་ ལེ་ཤ་སྡོད་ནུག་ཟེར་བཤད་ཅི།
འབྲུག་ལུ་ དབང་ཕྱུག་བརྒྱུད་འཛིན་གྱི་ རིང་ལུགས་དེ་ མ་འདྲཝ་ག་དེ་སྦེ་ཡོདཔ་ཨིན་ན་དང་ མཐོང་ཚུལ་མ་འདྲཝ་ རྒྱལ་ཁབ་ནང་འཁོད་དང་ ལུང་ཕྱོགས་ དེ་ལས་ རྒྱལ་སྤྱིའི་ལྟ་བ་༣ གྱི་ཐོག་ལས་ གསལ་བཤད་འབད་བའི་ཁར་ འབྲུག་རྒྱལ་ཁབ་འདི དཔལ་ལྡན་འབྲུག་གཞུང་ཟེར་ སྤྱི་ལོ་༡༦༢༦ ལས་ར་ དབུ་བརྙེས་ཡོད་པའི་སྐོར་ལས་ གསལ་བཤད་འབད་ཡི།
སྤྱི་ལོ་༡༦༢༦ ལས་༡༩༠༧ ཚུན་ཚོད་ འབྲུག་རྒྱལ་ཁབ་འདི་ རྒྱལ་བརྒྱུད་ཀྱི་རྒྱལ་ཁབ་སྦེ་ མ་སྡོདཔ་ཨིན་རུང་ དེ་བསྒང་ ཧི་མ་ལ་ཡཱན་གྱི་ ཁྱིམ་མཚེས་རྒྱལ་ཁབ་ག་ར་ རྒྱལ་བརྒྱུད་ཀྱི་ རྒྱལ་ཁབ་སྦེ་ དབུ་བརྙེས་ཏེ་ སྡོད་ནུག་ཟེར་ དྲགོས་བསོད་ནམས་ཀུན་དགའ་གིས་ བཤད་པའི་ཁར་ ཤུལ་ལས་ ཧི་མ་ལ་ཡཱན་གངས་ལྗོངས་ཀྱི་ རྒྱལ་ཁབ་ནང་ རྒྱལ་བརྒྱུད་འཛིན་པའི་ རིང་ལུགས་དེ་ ཉམས་འགྱོཝ་ད་རྐྱངམ་གཅིག་ འབྲུག་འདི་ རྒྱལ་བརྒྱུད་འཛིན་པའི་ རྒྱལ་ཁབ་སྦེ་ གནས་ཡོདཔ་ལས་ དེ་ཚུ་ འབྲུག་མི་ཚུ་གིས་ ཤེས་དགོཔ་ཁག་ཆེ་ཟེར་བཤད་ཅི།
སྤྱི་ལོ་༡༩༠༧ ལུ་ གོང་ས་ཨྱོན་དབང་ཕྱུག་མཆོག་ འབྲུག་གི་བརྒྱུད་འཛིན་རྒྱལཔོ་དང་པ་སྦེ་ གསེར་ཁྲི་གུ་ བྱོན་ཞིནམ་ལས་ཚུར་ འབྲུག་འདི་ རྒྱལ་བརྒྱུད་ཀྱི་ རྒྱལ་ཁབ་སྦེ་ དབུ་བརྙེས་ཡོདཔ་ལས་ ཧི་མ་ལ་ཡཱན་གྱི་ རྒྱལ་ཁབ་ཚུ་ནང་ རྒྱལཔོ་རིམ་བྱོན་ཚུ་གིས་སྐྱོངས་ཏེ་ ལོ་ངོ་༢༠༠ ལས་ལྷག་སོང་རུང་ ད་རེས་འབདཝ་ད་ ཧི་མ་ལ་ཡཱན་གྱི་ གངས་ལྗོངས་ནང་ རྒྱལ་བརྒྱུད་ཀྱི་རྒྱལ་ཁབ་ འབྲུག་མ་གཏོགས་ གཞན་མེདཔ་ལས་ ཡ་མཚན་ཅན་གྱི་ རྒྱལ་ཁབ་སྦེ་ ངོས་འཛིན་བྱུང་སྟེ་ཡོད་ཟེར་ ཁོ་གིས་ བཤད་ཅི།
གོང་ས་ཨྱོན་དབང་ཕྱུག་མཆོག་ རྒྱལ་པོའི་གསེར་ཁྲི་གུ་ འབྱོན་ནི་གི་ གུ་རུ་རིན་པོ་ཆེའི་ ལུང་བསྟན་འཁྲུལ་མེད་དང་ གཏེར་སྟོན་པདྨ་གླིང་པའི་ གདུང་བརྒྱུད་ངོ་མ་ཨིན་རུང་ གོང་ས་ཨྱོན་དབང་ཕྱུག་མཆོག་གིས་ རྒྱལཔོ་མཛད་ནི་སྦེ་ ཧམ་འཛུལ་མ་འབད་བས་ཟེར་ཨིནམ་ད་ སྤྱི་ལོ་༡༩༠༧ ལུ་ མི་སེར་ཡོངས་ཀྱིས་ མགྲིན་དབྱངས་གཅིག་གི་ཐོག་ལས་ རྒྱལཔོ་མཛད་དགོ་པའི་ ཞུ་བ་ཕུལ་ཞིནམ་ལས་རྐྱངམ་གཅིག་ ངོས་ལེན་མཛད་གནང་ནུག་ཟེར་ དྲགོས་བསོད་ནམས་ཀུན་དགའ་གིས་ བཤད་ཅི།
སྤྱི་ལོ་༡༩༠༧ ལུ་ འབྲུག་རྒྱལ་ཁབ་ནང་ རྒྱལ་བརྒྱུད་ཀྱི་རིང་ལུགས་ དབུ་བརྙེས་ཞིནམ་ལས་ཚུར་ མི་སེར་ཚུ་ དགའ་སྐྱིད་ཀྱི་ངང་ལུ་ གནས་ཡོདཔ་མ་ཚད་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ རྒྱལ་ཁབ་ཀྱི་ གནས་སྟངས་སྒྲིང་སྒྲི་ཡོད་པའི་ ནམ་དུས་ལུ་ སྤྱི་ལོ་༢༠༠༨ ལུ་ དམངས་གཙོའི་རིང་ལུགས་ གཞི་བཙུགས་མཛད་མི་དེ་ དབང་ཕྱུག་བརྒྱུད་འཛིན་གྱི་ ཁྱད་ཆོས་ཐུན་མོང་མ་ཡིན་པ་ཅིག་ཨིན་ཟེར་ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་བགྲེསཔ་གིས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ལུ་ བཤད་ཡོད་པའི་གནས་ཚུལ།
གནས་བརྟན་རྡོ་རྗེ།