རྒྱལ་ཡོངས་ཚོགས་སྡེའི་ཚོགས་རིམ་ གྲུབ་འབྲས་ལེགས་ལྡན།

༉ རྒྱལ་ཡོངས་ཚོགས་སྡེའི་ཚོགས་ཐེངས་༢༡ པའི་ ཚོགས་རིམ་དེ་ ཐུང་ཀུ་ཅིག་འབད་རུང་ གྲུབ་འབྲས་མཐར་འཁྱོལ་ཅན་སྦེ་ བྱུང་ཡོདཔ་བཞིན་དུ་ ཚོགས་སྡེ་གིས་ ས་གནས་གཞུང་གི་ འཐུས་མི་ཚུ་གི་ གསོག་འཇོག་ངལ་གསོའི་ ཐོབ་ལམ་སྐོར་ ཤུལ་མའི་ཚོགས་ཐེངས་༢༢ པའི་ནང་ ལོག་གསུང་གྲོས་གནང་ནི་ཨིན་པས།
ཁ་ཙ་ རྒྱལ་ཡོངས་ཚོགས་སྡེ་གིས་ ཚོགས་ཐེངས་༢༡ པ་ མཇུག་བསྡུ་ཡོད་མི་དང་འབྲེལ་ བརྡ་བརྒྱུད་དང་གཅིག་ཁར་ གྲོས་འཛོམས་འགོ་འདྲེན་འཐབ་པའི་སྐབས་ ཚོགས་སྡེའི་ཁྲི་འཛིན་འོགམ་ འཇིགས་མེད་དབང་ཕྱུག་གིས་ སླབ་མིའི་ནང་  རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་༢༠ པའི་ནང་ ས་གནས་གཞུང་གི་ ངལ་གསོའི་ཐོབ་ལམ་སྐོར་ལས་ གསུང་གྲོས་ཞིབ་པར་གནང་ཐོག་ལས་ གྲོས་འདེབས་ཁག་དག་པ་ཅིག་ གཞུང་ལུ་ ཕུལ་ཡི་ཟེར་ཨིན་པས།
མ་གཞི་ གཞུང་གིས་ ས་གནས་གཞུང་གི་ འཐུས་མི་ཚུ་གི་ ཐོབ་ཐངས་ཚུ་ ཡར་སེང་འབད་རུང་ རྒྱལ་ཡོངས་ཚོགས་སྡེ་ནང་ གསུང་གྲོས་གནངམ་ད་ ངལ་གསོའི་ཐོབ་ལམ་དེ་ དངུལ་ཕོགས་ལྷན་ཚོགས་ཐེངས་༣ པའི་ གྲུབ་འབྲས་སྙན་ཞུ་ནང་ ཐོབ་ལམ་སྐོར་འཁོད་དེ་མེདཔ་ལས་ ད་ལྟོའི་གཞུང་ རྩ་འགྲོལ་འགྱོ་ནི་ རན་ཡོདཔ་ལས་ མ་འོངས་པར་ གཞུང་གསརཔ་ག་འོང་རུང་ གསུང་གྲོས་གནང་སྟེ་ གྲོས་ཐག་བཅད་ནི་ཟེར་ཨིན་པས།
ཚོགས་སྡེ་ནང་ ལོ་བསྟར་ངན་ལྷད་བཀག་སྡོམ་ལྷན་ཚོགས་སྙན་ཞུ་༢༠༡༧ ཅན་མ་དང་ རྩིས་ལོ་༢༠༡༨-༡༩ འི་ འཆར་དངུལ་དཔྱད་ཡིག་གི་ གྲོས་འཆར་བཙུགས་ཡོདཔ་བཞིན་དུ་ ཚོགས་སྡེ་གིས་ གྲོས་འདེབས་༢ ཆ་འཇོག་གནང་ནུག།
གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གི་ཁྲི་འཛིན་ ཁྱད་ལྡན་གྱི་འཐུས་མི་ བཀྲིས་དབང་མོ་གིས་ སླབ་མིའི་ནང་ ངན་ལྷད་ཀྱི་ ཉོགས་བཤད་མང་ཤོས་ར་ ས་གནས་གཞུང་ཚུ་ནང་ཡོདཔ་བཞིན་དུ་ ཉོགས་བཤད་ཁ་གསལ་སྦེ་ འཁོད་དེ་མེདཔ་ལས་   ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཤུལ་མའི་སྙན་ཞུ་ནང་ དྭངས་གསལ་སྦེ་ བཙུགས་དགོ་པའི་ གྲོས་འཆམ་བྱུང་ཡི་ཟེར་ཨིན་པས།
དེ་ལས་  འབབ་ཁུངས་ཀྱི་ ཁྲལ་རིགས་ལུ་བརྟེན་པའི་ ཁྲལ་གཉིས་བརྩེགས་ མི་འགྱོ་ནིའི་ཐབས་ལམ་དང་ འབྱུང་ཁུངས་ཟུར་ཐབས་ལས་ སྔོན་འགོག་འབད་ནིའི་དོན་ལུ་ འབྲུག་གཞུང་དང་ བང་ལ་དེཤ་གཞུང་གི་ བར་ནའི་ཆིངས་ཡིག་གུ་ རྒྱབ་སྣོན་ཆ་འཇོག་འབད་ཡོདཔ་བཞིན་དུ་ རྩ་ཁྲིམས་ཆེན་མོའི་ རྩ་ཚན་༡༣ པའི་ དོན་ཚན་༦ པ་དང་འཁྲིལ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ ཕུལ་ཡི་ཟེར་ ཚོགས་སྡེའི་ཕྱི་འབྲེལ་ཚོགས་ཆུང་གི་ཁྲི་འཛིན་ བཀྲིས་སྒང་གི་འཐུས་མི་ ལྷ་ཀྲུ་གིས་བཤད་ཅི།
ཁྲིམས་ཀྱི་ སྟེགས་གསོའི་ཞབས་ཏོག་དང་ ཐོན་ཁུངས་མེད་པའི་ མི་ངོམ་ཚུ་ལུ་ ཁྲིམས་ཀྱི་ སྟེགས་གསོ་ཕུལ་དགོ་པའི་སྐོར་ལས་ འདས་པའི་ཚོགས་ཐེངས་ནང་ གཞུང་ལུ་ གྲོས་འདེབས་ཕུལ་རུང་ ལན་གསལ་མ་ལྷོད་མི་ལུ་བརྟེན་ འཐུས་མི་ཚུ་ བསམ་པ་མ་རྫོགསཔ་ལས་ ད་རེས་ཀྱི་ ཚོགས་ཐེངས་ནང་ ངག་ཐོག་ལུ་ གཞུང་ལུ་ དྲི་བཀོད་འབད་ནིའི་ དུས་ཚོད་མེདཔ་ལས་ ཡིག་ཐོག་ལུ་ དྲི་བ་ཕུལ་ཡོད་པའི་ཁར་ སྤྱི་ཟླ་༦ པའི་ཚེས་༢༦ ལུ་ ལན་ཐོབ་ཡོད་རུང་ ད་ལྟོ་ བསྐྱར་ཞིབ་འབད་མ་ཚུགས་ཟེར་ཨིན་མས་ཟེར་ ཚོགས་སྡེའི་ ཁྲིམས་བཟོ་ཚོགས་ཆུང་གི་ཁྲི་འཛིན་ ཁྱད་ལྡན་གྱི་འཐུས་མི་ ཀརྨ་ཚེ་རིང་གིས་ བཤད་ཅི།
ཚོགས་སྡེའི་ ཚོགས་རིམ་༢༡ པའི་སྐབས་ དབང་འདུས་ ཆུ་འཛོམས་ས་ལས་ སྦས་གླང་བྲག་བར་ནའི་ འཁོར་ལམ་རྩི་ནག་གཏང་ནིའི་དོན་ལུ་ འཆར་དངུལ་བཞག་དགོ་པའི་སྐོར་ལས་ གྲོས་བསྡུར་འབད་ཡོདཔ་མ་ཚད་ སྤྱི་ཚོགས་ལྷན་བཞུགས་ནང་ འདས་པའི་ཚོགས་ཐེངས་ནང་ ཚོགས་ཁང་གོང་འོག་༢ ཀྱི་བར་ན་ མོས་མཐུན་བྱུང་མ་ཚུགས་མི་ འབྲུག་གི་རྩིས་ཞིབ་དཔྱད་ཡིག་༢༠༡༧ ཅན་མ་ ཆ་འཇོག་འབད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *