༉ དུས་ཅི་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དོན་ལུ་ རྒེད་འོག་དང་ཁྲོམ་གྱི་གནས་ཚད་ལས་ གདམ་ངོ་༡༣༠ བཙག་འཐུ་གྲུབ་ཡོད་མི་ལས་ ཁོང་༣ གྱིས་ བཙག་འཐུ་ནང་ བཅའ་མར་གཏོགས་མི་ཚུགས་ནི་ཨིན་པས།
དེ་ཡང་ བཀྲིས་སྒང་ སྦིས་གདུང་རྒེད་འོག་དང་ པདྨ་དགའ་ཚལ་ ནོར་བུ་སྒང་རྒེད་འོག་ དེ་ལས་ གསར་སྤང་ བསམ་གཏན་གླིང་རྒེད་འོག་༣ ལས་ རྒེད་འོག་གི་ གདམ་ངོའི་འཛོམས་འདུ་ལས་ བཙག་འཐུ་གྲུབ་མི་༣ གྱིས་ མཐའ་དཔྱད་ཀྱི་བཙག་འཐུ་ནང་ བཅའ་མར་གཏོགས་མི་ཚུགས་ནི་ཨིན་པས།
སྦིས་གདུང་རྒེད་འོག་ལས་ཨིན་མི་ རྡོ་རྗེ་དབང་ཕྱུག་གིས་ བཙག་འཐུ་ནང་ བཅའ་མར་གཏོགས་མི་ཚུགས་ནི་ཨིན་མི་དེ་ཡང་ གཙུག་ལག་སློབ་སྡེ་ལས་ མཐར་འཁྱོལ་བྱུང་བའི་ཡིག་ཆ་དེ་ ངོ་སྦྱོར་འབད་མ་ཚུགས་ནི་དེ་གིས་ ཨིན་པས།
བཙག་འཐུའི་དོན་ལུ་ ཡིག་ཆ་༡༣ དེ་ཅིག་ ཚང་སྒྲིག་འབད་དགོ་ས་ལས་ ཁོ་གིས་ གཙུག་ལག་སློབ་སྡེའི་ མཐར་འཁྱོལ་ལག་ཁྱེར་དེ་ལུ་ འབྲུག་ངོ་སྦྱོར་བཀོད་ཚོགས་ཀྱིས་ ངོ་སྦྱོར་འབད་མ་བཏུབ་ནི་དེ་གིས་ ཡིག་ཆ་ཚང་སྒྲིག་འབད་དེ་ ངོས་ལེན་འགོ་དཔོན་ལུ་ སྤྱི་ཟླ་༣ པའི་ཚེས་༡༩ ལུ་ བཙུགས་མ་ཚུགས་པས།
རྡོ་རྗེ་དབང་འདུས་ཀྱིས་འབད་བ་ཅིན་ བཀོད་ཚོགས་ཀྱིས་ ངོ་སྦྱོར་འབད་མ་བཏུབ་མི་དེ་ཡང་ གཙུག་ལག་སློབ་སྡེའི་ མཐར་འཁྱོལ་ཡིག་ཆ་ནང་ཡོད་མི་ ས་ཡིག་དང་ འཕྲལ་ཁམས་ཅིག་ཁར་ གཙུག་ལག་སློབ་སྡེ་ལས་ལྷོད་མི་ ཡི་གུ་ནང་ཡོད་པའི་ ས་ཡིག་༢ རྟགས་མ་མཐུནམ་ལས་ འབྲུག་ངོ་སྦྱོར་བཀོད་ཚོགས་ཀྱིས་ ངོས་ལེན་འབད་མ་བཏུབ་པས་ཟེར་ཨིན་པས།
དེ་ཡང་ ཧེ་མ་ གཙུག་ལག་སློབ་སྡེ་ལས་ མཐར་འཁྱོལ་འགྱོ་བའི་སྐབས་ ས་ཡིག་དེ་ གཙུག་ལག་སློབ་སྡེའི་ དོ་དམ་གྱིས་ རྐྱབ་ཡོདཔ་ད་ འཕྲལ་ཁམས་ཅིག་ཁར་ བདེན་སྦྱོར་གྱི་དོན་ལུ་ བཀོད་ཚོགས་ཀྱིས་ གཙུག་ལག་སློབ་སྡེ་ལས་ལེན་མི་ ཡི་གུ་དེ་ནང་ དོ་དམ་སོ་སོ་ཅིག་གིས་ ས་ཡིག་རྐྱབ་ནི་དེ་གིས་ དེ་༢ རྟགས་མ་མཐུན་པས་ཟེར་ བཀོད་ཚོགས་ཀྱིས་སླབ་མི་དེ་ ལེགས་ཤོམ་སྦེ་ ཧ་གོ་མ་ཚུགས་ཟེར་ཨིན་པས།
དེ་མ་ཚད་ ཤེས་རིག་གི་ཡིག་ཆ་ ངོ་སྦྱོར་འབད་ནིའི་དོན་ལུ་ རྡོ་རྗེ་དབང་ཕྱུག་གིས་ བཀོད་ཚོགས་ནང་ ལྷོད་མ་ཚུགསཔ་ལས་ ངོ་སྦྱོར་འབད་མ་བཏུབ་པས་ཟེར་ཨིནམ་ད་ བཀོད་ཚོགས་ཀྱི་ལམ་ལུགས་དང་འཁྲིལ་བ་ཅིན་ ངོ་སྦྱོར་གྱི་དོན་ལུ་ མི་ངོམ་སྦེ་ར་ འོང་དགོཔ་སྦེ་ཨིན་པས།
ཁོ་གིས་ རྒྱ་གར་ བྱང་བེང་གཱལ་ལས་ ཚོང་འབྲེལ་མཐོ་རིམ་ཤེས་ཚད་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ ཁོ་གིས་ རྒྱལ་ཡོངས་ཚོགས་སྡེ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ ཟད་འགྲོ་ལེ་ཤ་བཏང་བའི་ཁར་ ལཱ་ལེ་ཤ་འབད་མི་དེ་ ཆུས་ཟད་སོང་ཡོདཔ་མ་ཚད་ འཐུས་མི་དེ་ ལེགས་ཤོམ་ཅིག་ བཙག་འཐུ་འབད་ནིའི་དོན་ལས་ མི་སེར་ཚུ་ལུ་ གོ་སྐབས་བྱིན་མ་ཚུགས་མི་ལུ་བརྟེན་ སེམས་མ་དགའ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ངོ་སྦྱོར་འབད་ཐངས་ཀྱི་ ལམ་ལུགས་ཁ་གསལ་ཏོག་ཏོ་བཟོ་བ་ཅིན་ མ་འོངས་པའི་ནང་ བཙག་འཐུ་ནང་བཅའ་མར་གཏོགས་ནི་ལུ་ སྤྲོ་བ་བསྐྱེད་མི་ཚུ་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིནམ་ད་ ཁོ་གིས་ རྒེད་འོག་གི་གནས་ཚད་ལས་ དགོ་ཟེར་མི་ཚོགས་རྒྱན་༡༡༢ དང་ མི་དགོ་༢༧ ཐོབ་སྟེ་ བཙག་འཐུ་གྲུབ་ནུག།
གསར་སྤང་རྫོང་ཁག་ བསམ་གཏན་གླིང་རྒེད་འོག་ལས་ གདམ་ངོ་སྦེ་ བཙག་འཐུ་གྲུབ་མི་ མཱན་བྷ་དུར་ རའི་གིས་ བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་ གོ་སྐབས་མ་ཐོབ་མི་དེ་ཡང་ ཁོ་གིས་ ཤེས་རིག་གི་ཡིག་ཆ་ ངོ་སྦྱོར་འབད་ནིའི་དོན་ལུ་ གཙུག་ལག་སློབ་སྡེ་ལས་ བདེན་སྦྱོར་ཡིག་ཆ་ དུས་ཚོད་ཁར་ ལྷོད་མ་ཚུགས་ནི་དེ་གིས་ཨིནམ་ད་ ཡིག་ཆ་ཚུ་ ཚང་སྒྲིག་འབད་དེ་ སྤྱི་ཟླ་༣ པའི་ཚེས་༡༩ ལུ་ ངོས་ལེན་འགོ་དཔོན་ལུ་ ཨིན་ཅི་མིན་ཅི་སྤྲོད་དགོཔ་ད་ གལ་སྲིད་དེ་བསྒང་ ཡིག་ཆ་ཚུ་ཚངམ་སྦེ་ མ་ལྷོད་པ་ཅིན་ བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་གོ་སྐབས་ མི་ཐོབ་ནི་ཨིན་པས།
སྐྱེས་ལོ་༢༨ ལང་མི་ མཱན་བྷ་དུར་ རའི་གིས་ རྒྱ་གར་བེང་ལོར་གཙུག་ལག་སློབ་སྡེ་ལས་ ཀམ་པུས་ཊར་གྱི་ མཐོ་རིམ་ཤེས་ཚད་ཡོདཔ་ད་ ཁོ་གིས་ གདམ་ངོའི་འཛོམས་འདུ་སྐབས་ ཚོགས་རྒྱན་དགོ་༢༢༩ དང་ མི་དགོ་༣༡ ཐོབ་ཡོདཔ་ཨིན་པས།
དེ་ལས་ པདྨ་དགའ་ཚལ་ ནོར་བུ་སྒང་རྒེད་འོག་ལས་ཨིན་མི་ གདམ་ངོ་ཨྱོན་རྡོ་རྗེ་དེ་ མཐའ་དཔྱད་ཀྱི་བཙག་འཐུ་ནང་ བཅའ་མར་མི་གཏོགས་ཟེར་ ཕྱིར་ཐོན་འབད་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ ད་ལྟོ་ཁོ་ར་ ལོ་ན་ཆུང་ཀུ་ཨིན་པའི་ཁར་ ཉམས་མྱོང་ཡང་གངམ་མེདཔ་ལས་ ཤུལ་མའི་བཙག་འཐུ་ནང་ བཅའ་མར་གཏོགས་ནི་སྦེ་ ཕྱིར་ཐོན་འབད་ཡི་ཟེར་ཨིན་པས།
ཁོ་གིས་ གདམ་ངོའི་འཛོམས་འདུ་སྐབས་ ཚོགས་རྒྱན་དགོ་༢༥༩ དང་ མི་དགོ་༢༡ ཐོབ་ཡོདཔ་ད་ ཁོ་ལུ་ རྒྱ་གར་ ནུབ་བེང་གཱལ་གཙུག་ལག་སློབ་སྡེ་ལས་ ཚོང་འབྲེལ་འཛིན་སྐྱོང་གི་ མཐོ་རིམ་ཤེས་ཚད་དང་ ཚོང་འབྲེལ་ནང་ གཙུག་ལག་གོང་མའི་ཤེས་ཚད་ཡོདཔ་ཨིན་པའི་གནས་ཚུལ།
བསྟན་འཛིན་རྣམ་རྒྱལ།