རྒྱལ་ཡོངས་ཚོགས་སྡེ་ལུ་ འབྲུག་གི་ལམ་སྲོལ་ཚུ་ ཉམས་འགྱོ་བའི་ཚ་གྱང་།

༉ རྒྱལ་ཡོངས་ཚོགས་སྡེའི་ མི་སྡེ་དང་ལམ་སྲོལ་ཚོགས་ཆུང་གིས་ ལམ་སྲོལ་དང་འབྲེལ་བའི་ ཞིབ་འཚོལ་མཐིལ་ཕྱིན་འབད་མི་དང་འཁྲིལཝ་ད་ གྲོས་འདེབས་ཁག་ལེ་ཤ་ ཕུལ་ཡོདཔ་ཨིན་པས།

ཚོགས་ཆུང་གིས་ རང་ལུགས་ཀྱི་བཟོ་བཀོད་ནང་ ཞིབ་འཚོལ་འབད་བའི་སྐབས་ ཞབས་ཏོག་ལྷན་ཁག་གིས་ རང་ལུགས་ཀྱི་བཟོ་བཀོད་ཚུ་ གཅིག་མཚུངས་བཞག་དགོ་པའི་ ལམ་སྟོན་ཚུ་ བཀྲམ་སྤེལ་འབད་ཡོད་རུང་ ཁྲིམས་མཐུན་གྱི་ལམ་ལུགས་ཅིག་མེདཔ་ལས་ འབྲུག་པའི་བཟོ་རིག་ལམ་སྟོན་དང་འཁྲིལ་ འབད་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
ཚོགས་ཆུང་གི་ སྙན་ཞུ་དང་འཁྲིལཝ་ད་ ཤིང་བཟོ་དང་ རྡོ་བཟོ་ དེ་ལས་ འཇིམ་བཟོཔ་ཚུ་ ཤེས་ཡོན་མེད་རུང་ ཕམ་ལས་བརྒྱུད་དེ་ དར་ཁྱབ་འགྱོ་དགོ་པའི་ ལཱ་ཅིག་འབད་ནི་དེ་གིས་ མ་འོངས་པ་ལུ་ དེ་བཟུམ་མའི་ ལག་བཟོ་ཚུ་ ཡལ་འགྱོ་ནི་གི་ ཉེན་ཁ་འདུག་ཟེར་ བཀོད་ནུག།
དེ་འབདཝ་ལས་ ན་གཞོན་ཚུ་ལུ་ འཕྲུལ་རིག་སྦྱོང་བརྡར་སྤེལ་ཁང་ཚུ་ནང་ ལག་ཤེས་དེ་ཚུའི་ནང་ སྦྱོང་བརྡར་འབད་ནི་གི་ གོ་སྐབས་བྱིན་དགོཔ་འདུག་ཟེར་ ཚོགས་ཆུང་གིས་ སྙན་ཞུ་ནང་བཀོད་ཡོདཔ་ད་ གཞུང་གི་སྒྲིང་ཁྱིམ་དང་ སྒེར་གྱི་ཁྱིམ་ཚུ་ རྐྱབ་པའི་སྐབས་ ལམ་སྟོན་ཚུ་དང་འཁྲིལ་ཏེ་ མིན་འདུག་ཟེར་ཨིནམ་ད་ དཔེར་ན་ གསེར་ཏོག་དང་ རྒྱལ་མཚན་བཟུམ་ བཀལ་བའི་སྐབས་ ལུགས་མཐུན་ཅིག་ ག་ནི་ཡང་ མིན་འདུག་ཟེར་ཨིན་པས།
དེ་འབདཝ་ལས་ ཚོགས་ཆུང་གིས་ ལམ་སྟོན་ལུ་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ ཁྲིམས་མཐུན་གྱི་ རྒྱབ་སྐྱོར་འབད་དགོ་པའི་ གྲོས་འདེབས་འབད་ཡོདཔ་ད་ ལམ་སྟོན་དེའི་སྐོར་ལས་ གོ་བརྡ་སྤྲོད་དགོ་པའི་ རྒྱབ་སྐྱོར་འབད་ཡི།
ཚོགས་ཆུང་གིས་ གཞུང་གི་བཟོ་སྐྲུན་ཚུ་ནང་འབད་བ་ཅིན་ ལཱ་འགོ་བཙུགས་པའི་སྐབས་ ས་བསླང་རྟེན་འབྲེལ་མ་གཏོགས་ དེ་གི་ཤུལ་ལས་ རྟེན་འབྲེལ་ཚུ་ བརྩི་སྲོལ་མིན་འདུག་ཟེར་ཨིན་པས།
མོང་སྒར་གྱི་འཐུས་མི་ བསོད་ནམས་དབང་ཕྱུག་གིས་ ཤར་ཕྱོགས་རྫོང་ཁག་ཚུ་ནང་འབད་བ་ཅིན་ ཁྱིམ་རྐྱབ་པའི་སྐབས་ ས་བསླང་རྟེན་འབྲེལ་ལས་འགོ་བཟུང་ སྒོ་སྒྲིག་དང་སྒོ་ཚུ་ ལྷོངས་པའི་སྐབས་ལུ་ཡང་ རྟེན་འབྲེལ་མ་འདྲཝ་ལེ་ཤ་ བརྩི་སྲོལ་ཡོད་པའི་ཁར་ ཁྱིམ་ཐོག་མ་བཀབ་ཚུན་ འབད་ནི་ཡོད་རུང་ གཞུང་གི་བཟོ་སྐྲུན་ཚུ་ནང་ དེ་བཟུམ་འབད་སར་ མ་མཐོང་ཟེར་ཞུ་ཡི།
འཐུས་མི་གིས་ ཧེ་མའི་ རང་ལུགས་ཀྱི་བཟོ་རིག་དང་ ད་རེས་ནངས་པའི་ བཟོ་རིག་འགོ་དཔོན་ཚུ་གི་བར་ན་ཡང་ ལམ་སྲོལ་ཚུ་ གཅིག་མཚུངས་བཟོ་ནིའི་དོན་ལུ་ མཉམ་འབྲེལ་འབད་དགོཔ་འདུག་ཟེར་ ཞུ་ཡོདཔ་ད་ དེ་མེན་པ་ཅིན་ རང་ལུགས་ཀྱི་ བཟོ་བཀོད་ཚུ་ནང་ སོ་སོར་སྦེ་ འཐོན་ནིའི་ ཉེན་ཁ་འདུག་ཟེར་ཞུ་ཡི།
སྤུ་ན་ཁའི་འཐུས་མི་ རིག་འཛིན་རྡོ་རྗེ་གིས་ དང་ཕུ་འབད་བ་ཅིན་ ཟངས་མཁསཔ་ལེ་ཤ་ཡོདཔ་ཨིན་རུང་ ད་རེས་ནངས་པར་ མཐོང་ནི་མེད་མི་དེ་ ཉམས་རན་ཁར་ ལྷོད་ནུག་ཟེར་ཨིནམ་ད་ དབང་འདུས་རྫོང་གི་ གདོང་ཕྱོགས་ལུ་ཡོད་པའི་ རིན་ཆེན་སྒང་ལུ་ རྡོ་བཟོ་བོ་ལེ་ཤ་ཡོད་རུང་ གོ་སྐབས་མེདཔ་ལས་ ག་ཏེ་ལུ་ཡང་ བཅའ་མར་མ་གཏོགས་པར་ སྡོད་དོ་ཡོདཔ་ལས་ གཞུང་གིས་ བལྟ་དགོཔ་འདུག་ཟེར་ཞུ་ཡི།
ཧཱ་གི་འཐུས་མི་ ཚེ་རིང་རྡོ་རྗེ་གིས་ རང་ལུགས་བཟོ་བཀོད་དེ་ གཞུང་གི་ འགོ་དཔོན་ཚུ་གིས་ཡང་ མི་ཤེས་དོ་ཡོདཔ་ལས་ གོ་བརྡའི་ལས་རིམ་ཚུ་ བཟོ་དགོཔ་འདུག་ཟེར་ཞུ་ཡི།
ཚོགས་ཆུང་གིས་ འཆམ་དང་ཟློས་གར་གྱི་ཐད་ཁར་འབད་རུང་ གཡུས་ཁར་ ན་གཞོན་ཚུ་ སྡོད་མི་མེད་པའི་ཁར་ དང་འདོད་བསྐྱེད་མི་ཡང་མེདཔ་ལས་ ཚེས་བཅུ་ལ་སོགས་པའི་ རང་ལུགས་ཀྱི་ལམ་སྲོལ་ཚུ་ མར་ཉམས་འགྱོ་ཡོད་པའི་ མཐོང་གསལ་བྱུངམ་མས་ཟེར་ཨིན་པས།
གཞུང་གིས་ ལམ་སྲོལ་གྱི་དོན་ལུ་ འཆར་དངུལ་བཞག་སྟེ་ཡོད་རུང་ ཞབས་ཁྲ་དང་ ཁ་སྐད་ དེ་ལས་ སྒྲིག་ལམ་རྣམ་གཞག་ལ་སོགས་པའི་དོན་ལུ་ མ་དངུལ་མ་བཞག་པས་ཟེར་ཨིནམ་ད་ ད་རེས་ནངས་པར་ སྒྲ་དབྱངས་དང་ གླུ་གར་ཁང་ཚུ་གིས་ ཞབས་ཁྲ་དང་ འཆམ་གྱི་རིགས་ཚུ་ སྲོལ་དང་འཁྲིལ་མེན་པར་ དཔེར་ན་ དགྲ་མེད་རྩེ་རྔ་འཆམ་གྱི་དོན་ལུ་ འཆམ་རྐྱབ་མི་༡༦ དགོཔ་ཨིན་རུང་ གླུ་གར་ཁང་ཚུ་གིས་ མི་༤ དང་༨ སྦེ་ཡང་ རྐྱབ་སར་མཐོངམ་ལས་ དེ་བཟུམ་འབད་མི་འདི་གིས་ རང་ལུགས་ཀྱི་ལམ་སྲོལ་ལུ་ ཐོ་ཕོག་ནི་གི་ ཉེན་ཁ་འདུག་ཟེར་ཨིན་པས།
ཁ་སྐད་ཚུ་ཡང་ ཉམས་ཉེན་ཡོདཔ་ལས་ གཞུང་གིས་ སྦྱོང་བརྡར་གྱི་དོན་ལུ་ མ་དངུལ་གྱི་གྲོགས་རམ་ མང་སུ་བྱིན་དགོ་པའི་ གྲོས་འདེབས་འབད་ཡོདཔ་ད་ ཁ་སྐད་ཡར་དྲག་གཏང་ནིའི་དོན་ལུ་ མི་སྡེའི་རྒྱང་བསྒྲགས་རེ་ཌིའོོ་ཚུ་ མང་སུ་སྦེ་ གཞི་བཙུགས་འབད་དགོ་པའི་ གྲོས་འདེབས་འབད་ནུག།
ས་གནས་གཞུང་ལུ་ ལམ་སྲོལ་ཚུ་ དར་ཁྱབ་གཏང་ནིའི་དོན་ལུ་ རྫོང་ཁག་ནང་ཡོད་མི་ ལམ་སྲོལ་འགོ་དཔོན་ཚུ་ལུ་ གཡོག་ནང་མ་འཛུལ་བའི་ཧེ་མར་ སྒྲིག་ལམ་རྣམ་གཞག་གི་ སྦྱོང་བརྡར་ཚུ་ བྱིན་དགོ་པའི་ཁར་ སྒྲིག་ལམ་རྣམ་གཞག་ནང་ མཐིལ་ཕྱིན་གྱི་ ཞིབ་འཚོལ་ཚུ་ འབད་དགོ་པའི་སྐོར་ལས་ གྲོས་འདེབས་ཚུ་འབད་ཡོདཔ་ཨིན་པས།
དེ་གི་ནང་ལས་ཡང་ ཚོགས་ཆུང་གིས་ གཞུང་གིས་ ལམ་སྲོལ་གྱི་དོན་ལུ་ འབྲུག་གི་ལམ་སྲོལ་གྱི་ སྲིད་བྱུས་ཡོངས་རྫོགས་ཅིག་ བཟོ་སྟེ་ ཆ་འཇོག་འབད་དགོ་ནི་དང་ འབྲེལ་བ་ཡོད་པའི་ ལས་སྡེ་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་སྟེ་ ད་ལྟོ་ཡོད་མི་ ལམ་སྲོལ་དཔྱད་ཡིག་དེ་ཡང་ བསྐྱར་ཞིབ་འབད་དགོ་པའི་ གྲོས་འདེབས་འབད་ནུག།
ཚོགས་སྡེ་གིས་ ད་རིས་ གསུང་གྲོས་འཕྲོ་མཐུད་གནང་པའི་ཤུལ་ལས་ གྲོས་འདེབས་ཚུ་ལུ་ བསྒྱུར་བཅོས་དང་ གྲོས་ཐག་ཚུ་ ཆ་འཇོག་འབད་ནི་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *