རྒྱལ་ཡོངས་ཚོགས་སྡེ་དང་ བརྡ་བརྒྱུད་གྱི་བར་ན་ མཉམ་འབྲེལ་ཁག་ཆེ་ནི།

༉ ཁ་ཙ་ ཐིམ་ཕུག་ལུ་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་དང་ བརྡ་བརྒྱུད་ཀྱི་འཐུས་མི་ཚུ་གི་བར་ན་ གྲོས་བསྟུན་ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ གཙུག་སྡེ་༢ ཀྱི་བར་ན་ མཉམ་འབྲེལ་འབད་དགོཔ་ ཁག་ཆེ་བའི་སྐོར་ གཅིག་གིས་གཅིག་ལུ་ ངོས་ལེན་འབད་ཡི།

མཉམ་འབྲེལ་ཞལ་འཛོམས་ནང་ འབྲུག་རྒྱང་བསྒྲགས་ལས་འཛིན་དང་ ཀུན་གསལ་ སྒེར་གྱི་གསར་ཤོག་ཚུ་ནང་ལས་ ངོ་ཚབ་ཚུ་གིས་ བརྡ་བརྒྱུད་ལུ་ རང་དབང་དང་ ཡུན་བརྟན་གྱི་དོན་ལུ་ རྒྱལ་ཡོངས་ཚོགས་སྡེ་གིས་ ཁྲིམས་ལུགས་དང་འབྲེལ་བའི་ རྒྱབ་སྐྱོར་གནང་དགོ་པའི་ཁར་ ཚོགས་སྡེ་དང་འབྲེལ་བའི་ གནད་དོན་ཚུ་ གནས་ཚུལ་བསྡུ་ལེན་ནང་ མཉམ་འབྲེལ་འབད་ནི་ལུ་ རྒྱབ་སྐྱོར་འབད་དགོ་པའི་ བསམ་འཆར་བཤད་ཅི།

དེ་བཟུམ་སྦེ་ འཐུས་མི་ཚུ་གིས་ རང་སོའི་རྫོང་ཁག་དང་ འདེམས་ཁོངས་ལ་སོགས་པའི་ གནད་དོན་ཚུ་གི་སྐོར་ལས་ བརྡ་བརྒྱུདཔ་ཚུ་དང་ བརྗེ་སོར་འབད་ནི་ལུ་ རྒྱབ་སྐྱོར་འབད་དགོ་པའི་ཞུ་བ་ཕུལ་ཡི།

འབྲུག་བརྡ་བརྒྱུདཔ་མཐུན་ཚོགས་ཀྱི་ བཀོད་ཁྱབ་མདོ་ཆེན་ དངོས་གྲུབ་བཟང་པོ་གིས་ བརྡ་བརྒྱུད་ལས་ཁང་ཚུ་ ཡུན་བརྟན་སྦེ་ གནས་ཚུགས་པ་ཅིན་ དེ་ནང་ བརྡ་བརྒྱུད་ལས་ཁང་གི་ གྱངས་ཁ་ཚད་ལྡན་བཟོ་ནིའི་དོན་ལུ་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཆོག་ཐམ་གྱི་ སྲིད་བྱུས་དང་ ཡང་ཅིན་ བརྡ་བརྒྱུད་ལས་ཁང་ཆ་མཉམ་ལུ་ འོས་འབབ་དང་འཁྲིལ་ ཁྱབ་བསྒྲགས་ཀྱི་ སྲིད་བྱུས་བཟོ་ནི་ལ་སོགས་པའི་ བར་ཞུགས་འབད་དགོཔ་འདུག་ཟེར་བཤད་ཅི།

ཀུན་གསལ་ལས་འཛིན་གྱི་ གནས་ཚུལ་བསྡུ་བཀོདཔ་གོང་མ་ བཀྲ་ཤིས་སྒྲོལ་མ་གིས་ ཚོགས་སྡེ་དེ་ བསྐྱར་ཞིབ་ཚོགས་ཁང་ཅིག་འབདཝ་ལས་ བརྡ་བརྒྱུད་དང་འབྲེལ་བའི་ གནད་དོན་ཚུ་ཐོནམ་ད་ བདེན་རྫུན་དབྱེ་དཔྱད་ཀྱི་དོན་ལུ་ ཚོགས་ཆུང་ཚུ་ བཟོ་ཐོག་ལས་  བར་འཛུལ་གནང་དགོཔ་དང་ ཆེ་མཐོ་དང་ ས་གནས་ཀྱི་ གནད་དོན་ཚུ་ནང་ མཉམ་འབྲེལ་གང་མང་གནང་དགོཔ་འདུག་ཟེར་བཤད་ཅི།

འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ རྩོམ་སྒྲིག་འགོ་དཔོན་ ཨ་ཤོག་གིས་ ད་རེས་ནངས་པར་ ལས་ཁང་ནང་ལས་ འཐུས་མི་མང་ཤོས་ཅིག་གིས་ ལཱ་གཡོག་བཤོལ་བཞག་ འགྱོ་མི་ལུ་བརྟེན་ ཁྱད་རིག་ཅན་གྱི་ལས་བྱེདཔ་ མ་ལང་པའི་དཀའ་ངལ་སྦོམ་སྦེ་ར་ ཐོན་ཏེ་ཡོད་ཟེར་བཤད་ཅི།

ཁྱད་ལྡན་གྱི་འཐུས་མི་ བཀྲ་ཤིས་དབང་མོ་གིས་ བརྡ་བརྒྱུདཔ་ཚུ་གི་ རྒྱབ་སྐྱོར་ལུ་ བརྡ་བརྒྱུད་ཚོགས་སྡེ་གཞི་བཙུགས་འབད་ནི་དང་ གནས་ཚུལ་བསྡུ་བཀོདཔ་ཚུ་གི་ ངོ་སྦྱོར་ལམ་ལུགས་ བཟོ་ནིའི་དོན་ལུ་ རྒྱབ་སྐྱོར་ཕུལ་ཏེ་ཡོད་ཟེར་བཤད་ཅི།

བུམ་ཐང་གི་འཐུས་མི་ ཉི་མ་གིས་འབད་བ་ཅིན་ བརྡ་བརྒྱུདཔ་ཚུ་གིས་ ཚོགས་སྡེའི་འཐུས་མི་ཚུ་ལུ་ བརྡ་དོན་གྱི་ རྒྱབ་སྐྱོར་དགོ་པ་ཅིན་ གྲ་སྒྲིག་ཡོད་པའི་ཁར་ ཉམས་མྱོང་ཅན་གྱི་ བརྡ་བརྒྱུདཔ་གོངམ་ཚུ་ ཁྱད་གཡོག་བཤོལ་བཞག་འགྱོ་དགོ་པའི་ གནད་དོན་དང་ དེ་གིས་ བརྡ་བརྒྱུད་ལས་ཁང་ལུ་ གནོད་པ་བྱུང་མི་ཚུ་ ཞིབ་འཚོལ་འབད་དེ་ ལས་གཡོགཔ་ཚུ་ དགོངས་ཞུ་འབད་ནི་ལས་ བདག་སྲུང་འབད་ནིའི་ ཐབས་ལམ་སྒྲིག་དགོཔ་འདུག་ཟེར་ བཤད་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *