རྒྱལ་ཡོངས་ཚོགས་སྡེ་གིས་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་གུ་ གསུང་གྲོས་གནང་པའི་བསྒང་།

རྒྱལ་ཡོངས་ཚོགས་སྡེ་གིས་ བརྒྱུད་འབྲེལ་གྱི་འཐུས་ རང་འཇགས་བཞག་ནི་ལུ་ ངོས་ལེན་འབད་ཡོདཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེ་གིས་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ གསུང་གྲོས་གནངམ་དང་འབྲེལ་ བརྒྱུད་འབྲེལ་གྱི་འཐུས་དེ་ ལོག་ཐོབ་ལམ་ཡོདཔ་སྦེ་ བཟོ་ཡོདཔ་ཨིན་པས།

ཧེ་མར་ རྒྱལ་ཡོངས་ཚོགས་འདུ་གིས་ བརྒྱུད་འབྲེལ་གྱི་འཐུས་དང་ ཡོངས་འབྲེལ་གླ་ཡོན་མེདཔ་བཟོ་སྟེ་ དཔྱད་ཡིག་ནང་ལས་ དོན་ཚན་དེ་ར་ ཕྱིར་དབྱུངས་བཏང་ཡོདཔ་ཨིན་པས།

ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གི་ཁྲི་འཛིན་ བུམ་ཐང་གི་འཐུས་མི་ ཉི་མ་གིས་ དཔྱད་ཡིག་བསྐྱར་ཞིབ་ཀྱི་སྙན་ཞུ་ཕུལ་བའི་སྐབས་ ཞུ་མིའི་ནང་ བརྒྱུད་འབྲེལ་འཐུས་དེ་ ཐོབ་ལམ་གྱི་འོས་འབབ་ཡོདཔ་སྦེ་ མཐོང་ཅི་ཟེར་ཞུ་ཡི།

གནད་དོན་དེ་ལུ་ མགར་ས་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ རྡོ་རྗེ་མཁའ་འགྲོ་མ་གཏོགས་ འཐུས་མི་གཞན་ག་ར་གིས་ ཚོགས་ཆུང་གིས་ གྲོས་འདེབས་ཕུལ་མི་ལུ་ ངོས་ལེན་འབད་ཡོདཔ་ཨིན་པས།

བརྒྱུད་འབྲེལ་གྱི་ འཐུས་ཀྱི་སྐོར་ལས་ གྲོས་བསྡུར་གནངམ་ད་ འཐུས་མི་རྡོ་རྗེ་མཁའ་འགྲོ་གིས་ འབྲེལ་གནད་མེད་པའི་གནད་དོན་ ཁྱིམ་གྱི་ཁང་གླའི་སྐོར་ལས་ ཞུ་ནིའི་དཔའ་བཅམ་ད་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ བཀྲིས་རྡོ་རྗེ་གིས་ བཀག་ཆ་འབད་རུང་ ཉན་མ་བཏུབ་ལས་ འཐུས་མི་དེ་ ཕྱི་ཁར་བཏོན་བཏང་ཡོདཔ་ཨིན་པས།

ཚོགས་ཆུང་གི་ཁྲི་འཛིན་ ཉི་མ་གིས་ ཞུ་མིའི་ནང་ བརྒྱུད་འབྲེལ་གྱི་འཐུས་ རང་འཇགས་ཐོབ་མི་ སྡེ་ཚན་དང་ སྤྱི་གཡོག་གཞན་ ལ་ལོ་ཅིག་ལུ་ ཁང་གླ་གུ་དམ་སྟེ་ ཟླ་རིམ་བཞིན་དུ་ ཐོབ་སྲོལ་ཡོད་མི་དེ་ རྒྱལ་ཡོངས་ཚོགས་འདུ་གིས་ ཕྱིར་དབྱུངས་འབད་ནུག་ཟེར་ཞུ་ཡི།

ཁྲི་འཛིན་གྱིས་ ཞུ་མིའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་གྱི་ ཐིག་ཁྲམ་༥ དང་༦ པའི་ནང་ བརྒྱུད་འབྲེལ་འཐུས་ཀྱི་སྐོར་ལས་ཨིནམ་ལས་ གཉིས་ཆ་ར་གཅིག་ཁར་ གསུང་གྲོས་གནང་དགོཔ་སྦེ་ཡོད་རུང་ རྒྱལ་ཡོངས་ཚོགས་འདུ་གིས་ དཔྱད་ཡིག་དེ་ འཕྲི་སྣོན་འབད་དེ་ རྒྱལ་ཡོངས་ཚོགས་སྡེ་ལུ་བཏང་མི་ ཡིག་ཆ་ནང་ ཐིག་ཁྲམ་༦ པ་མ་གཏོགས་༥ པ་ མ་ཚུད་པས་ཟེར་ཨིན་པས།

ཨིན་རུང་ ཚོགས་ཆུང་གིས་ ཐིག་ཁྲམ་༢ ཆ་ར་ ཤོ་མཚུངས་སྦེ་ གསུང་གྲོས་གནང་པའི་ཤུལ་ལས་ བརྒྱུད་འབྲེལ་གྱི་འཐུས་དེ་ ག་ར་ལུ་ ཐོབ་ལམ་ཡོདཔ་སྦེ་ ཤེས་རྟོགས་བྱུང་ཡི་ཟེར་ ཚོགས་ཆུང་གི་ཁྲི་འཛིན་ ཉི་མ་གིས་ ཞུ་ཡི།

ཁོ་གིས་འབད་བ་ཅིན་ དཔྱད་ཡིག་གི་གཞི་རྩ་དེ་ ད་ལྟོ་ཚུན་ ཁོང་ར་གི་ ལཱ་གཡོག་དང་ འགན་འཁྲི་དང་མ་འཁྲིལ་བའི་འཐུས་ཚུ་ ཐོབ་ཡོད་མི་དེ་ མེདཔ་བཟོ་ནི་དང་ ཡང་ཅིན་ དངུལ་ཕོགས་ནང་བསྡབ་དགོཔ་སྦེ་ ཨིན་མས་ཟེར་ཞུ་ཡི།

ཁྲི་འཛིན་གྱིས་ དཔེ་བཟུམ་ཅིག་སྦེ་ ཞུ་མིའི་ནང་ ས་གནས་གཞུང་གི་ཚོགས་པ་ཅིག་གིས་ མི་སེར་ཚུ་ལུ་ འབྲེལ་བ་འཐབ་ནི་ལུ་ བརྒྱུད་འབྲེལ་གྱི་འཐུས་ འོས་འབབ་ཡོདཔ་སྦེ་མཐོང་ཅི་ཟེར་ཨིནམ་ད་ ཁོང་ཆ་ཁྱབ་ཀྱིས་ ཟླ་རིམ་བཞིན་དུ་ བརྒྱུད་འབྲེལ་གྱི་འཐུས་ དངུལ་ཀྲམ་༢༠༠ ལས་བརྒལ་ མི་ཐོབ་དོ་ཡོདཔ་ཨིན་པས།

གནད་དོན་དེ་ལུ་གཞི་བཞག་སྟེ་ ད་ལྟོ་ཚུན་ ཐོབ་མི་ག་ར་ བརྒྱུད་འབྲེལ་གྱི་འཐུས་ འོས་འབབ་ཡོདཔ་སྦེ་ ཤེས་རྟོགས་བྱུང་ཡོདཔ་ལས་ དཔྱད་ཡིག་ནང་ བཀོད་དོ་བཟུམ་སྦེ་ རང་འཇགས་བཞག་ཅི་ཟེར་ ཚོགས་ཆུང་གི་ ཁྲི་འཛིན་གྱིས་ཞུ་ཡི།

ཡོངས་འབྲེལ་གླ་ཡོན་གྱི་ཐད་ཁར་ ཚོགས་ཆུང་གི་ཁྲི་འཛིན་གྱིས་ ཞུ་མིའི་ནང་ རྒྱལ་ཡོངས་ཚོགས་འདུ་གིས་ ཕྱིར་དབྱུངས་འབད་མི་ལུ་ ངོས་ལེན་འབད་དེ་ཡོད་ཟེར་ཨིན་པས།

ཨིན་རུང་ མངོན་མཐོའི་ཁྲིམས་འདུན་གྱི་ ཁྲིམས་སྤྱི་དང་ སྐུ་སྒེར་ལྷན་ཚོགས་ཀྱི་ ཁྲི་འཛིན་ཚུ་ལུ་ བརྒྱུད་འབྲེལ་དང་ ཡོངས་འབྲེལ་གྱི་གླ་ཡོན་བསྡོམས་ དངུལ་ཀྲམ་༧,༧༥༠ ཐོབ་མི་ཚུ་ཡང་ ཕྱི་སེལ་ནང་སེལ་རྐྱབ་ཞིནམ་ལས་ བརྒྱུད་འབྲེལ་འཐུས་ཐོབ་མི་ རང་འཇགས་བཞག་སྟེ་ ཡོངས་འབྲེལ་གླ་ཡོན་བཏོག་ནི་སྦེ་ ཚོགས་ཆུང་གིས་ གྲོས་འདེབས་ཕུལ་ཡི།

ད་རེས་ ཡོངས་འབྲེལ་གྱི་གླ་ཡོན་ཚུ་ཡང་ བློན་ཆེན་དང་ ལྷན་རྒྱས་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་དང་ ཚོགས་འདུའི་ཚོགས་དཔོན་ ལྡོག་ཕྱོགས་འགོ་ཁྲིདཔ་དང་ རྩ་ཁྲིམས་ཅན་གྱི་ གོ་གནས་འཆང་མི་དང་ རྩོད་དཔོན་ཡོངས་ཁྱབ་ཚུ་གིས་ ཐོབ་དོ་ཡོདཔ་ཨིན་པས།

དཔྱད་ཡིག་གི་ གསུང་གྲོས་གནང་པའི་སྐབས་ འཐུས་མི་ཚུ་གིས་ འགྱུར་ལྡོག་ཅན་གྱི་ དངུལ་ཕོགས་གཞི་བཀོད་དང་ གསོ་བ་དང་ སྨན་བཅོས་ལས་གཡོག་ཚུ་གི་ ཁྱད་རིག་གི་འཐུས་ འོད་རླབས་ཀྱི་ དུས་ཐེབས་འཐུས་ལ་སོགས་པ་ཚུ་ལུ་ ཚ་གྱང་ཡོད་ལུགས་ཚུ་ བཤད་ཅི།

སྤ་རོ་གི་ རྒྱལ་ཡོངས་ཚོགས་སྡེ་འཐུས་མི་ ཨོ་རྒྱན་ཚེ་རིང་གིས་ ཞུ་མིའི་ནང་ འོད་རླབས་ཀྱིས་ ག་དེམ་ཅིག་ གནོད་པ་སྦོམ་ཡོདཔ་ལས་ དཔྱད་ཡིག་ནང་ འོད་རླབས་ཀྱི་འཐུས་དངུལ་ཀྲམ་༣,༠༠༠ བྱིན་དགོ་ཟེར་ བཀོད་པ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ཨིན་པས།

རྒྱལ་ཡོངས་ཚོགས་འདུ་གིས་ དཔྱད་ཡིག་འཕྲི་སྣོན་འབད་མི་དང་འཁྲིལཝ་ད་ འོད་རླབས་ཀྱི་འཐུས་ ཟླ་རིམ་དངུལ་ཀྲམ་༣,༠༠༠ ཚུན་གྱི་ ཐོབ་ལམ་དེ་ གསོ་བ་ལྷན་ཁག་དང་ སོ་ནམ་དང་སྒོ་ནོར་ལྷན་ཁག་གཅིག་ཁར་ གྲོས་བསྟུན་ཐོག་ལས་ དངུལ་རྩིས་ལྷན་ཁག་གིས་ གཏན་འཁེལ་བཟོ་དགོཔ་སྦེ་ཡོདཔ་ཨིན་པས།

རྩི་རང་གི་འཐུས་མི་ དཱན་ཀུ་མར་ སཱུ་ཝར་གྱིས་ ཞུ་མིའི་ནང་ གསོ་བ་ལྷན་ཁག་དང་ སོ་ནམ་དང་སྒོ་ནོར་ལྷན་ཁག་གཅིག་ཁར་ གྲོས་བསྟུན་ཐོག་ལས་ དངུལ་རྩིས་ལྷན་ཁག་གིས་ གཏན་འཁེལ་བཟོ་དགོ་ཟེརཝ་ད་ ཤུལ་ལས་ འོད་རླབས་ཀྱི་འཐུས་ ལ་ལོ་ཅིག་གིས་ མི་འཐོབ་ནིའི་ ཉེན་ཁ་ཡོདཔ་ལས་ ལེགས་བཅོས་འབད་དགོཔ་འདུག་ཟེར་ཨིན་པས།

རྒྱལ་ཡོངས་ཚོགས་སྡེ་གིས་ གསོ་རིག་དང་ སྨན་བཅོས་ལས་གཡོགཔ་ཚུ་གི་དོན་ལུ་ ཁྱད་ལཱ་གི་འཐུས་ཚུ་ཡང་ དཔྱད་ཡིག་ནང་ བཀོད་དོ་བཟུམ་སྦེ་ བཞག་ནི་སྦེ་ ཐག་བཅད་ཡོདཔ་ཨིན་པས།

རྒྱལ་ཡོངས་ཚོགས་སྡེ་གིས་ ཚོགས་ཆུང་གི་གྲོས་འདེབས་དང་ རྒྱལ་ཡོངས་འདུ་གིས་ འཕྲི་སྣོན་འབད་མི་ མང་ཤོས་ར་ ངོས་ལེན་འབད་ཡོདཔ་བཞིན་དུ་ དཔྱད་ཡིག་དེ་ ད་རིས་ ཆ་འཇོག་འབད་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *