༉ གཞུང་གིས་ སྤྱི་ལོ་༢༠༡༧ ཟླ་༥ པའི་ཚེས་༨ ཀྱི་ཧེ་མར་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་ཐོག་ལས་ ཁྲལ་དགོངས་ཡངས་གནང་མི་དེ་ ཁྲིམས་མཐུན་ཨིན་མེན་ རྒྱལ་ཡོངས་ཚོགས་སྡེ་གིས་ གཞུང་འབྲེལ་ཐོག་ ངོས་ལེན་འབད་ནི་གི་ རེ་བ་ཡོདཔ་ཨིན་པས།
ད་ལྟོ་དང་ འདས་པའི་གཞུང་གིས་ དངུལ་འབྲེལ་སྲིད་བྱུས་དེ་ སྤྱི་ཚོགས་ཀྱི་ གནང་བ་མེད་པར་ བསྟར་སྤྱོད་འབད་ཡོདཔ་ཨིན་པས།
བསྐྱར་ཞིབ་ཚོགས་ཁང་གི་ ཁྲི་འཛིན་འོག་མ་དང་ ཚོགས་སྡེའི་མགྲིན་ཚབ་ ཚེ་རིང་རྡོ་རྗེ་གིས་ ཧེ་མར་ གཞུང་གི་ཧོངས་ལས་ སྤྱི་ཚོགས་ཀྱི་ གནང་བ་མེད་པར་ དངུལ་འབྲེལ་མཐུན་རྐྱེན་གནང་མི་ལུ་ ཁྲིམས་ཀྱི་གཞི་ཁུངས་དགོཔ་སྦེ་ བཤད་ཡོད་རུང་ རྒྱལ་ཡོངས་ཚོགས་སྡེ་གིས་ གཞུང་འབྲེལ་ཐོག་ལས་ སླབ་སླབ་མེད་ཟེར་ ཚོགས་སྡེའི་འཐུས་མི་ཚུ་གིས་ བཤདཔ་ཨིན་པས།
མ་གཞི་ མགྲིན་ཚབ་དེ་ ཚོགས་སྡེའི་ཐུགས་འཆར་བཤད་མིའི་ འཐུས་ཚབ་ཅིག་ཨིན་རུང་ དངུལ་འབྲེལ་མཐུན་རྐྱེན་གྱི་ ཁྲིམས་མཐུན་སྐོར་ལས་ ཚོགས་ཁང་དང་ ཡང་ཅིན་ དམངས་འཛོམས་ཀྱི་ གྲོས་བསྡུར་ནང་ ལུགས་མཐུན་ཐོག་ གསུང་གྲོས་མ་གནང་ཟེར་ ཚོགས་སྡེའི་འཐུས་མི་ཚུ་གིས་ བཤད་ཡོདཔ་ད་ བསྐྱར་ཞིབ་ཚོགས་ཁང་གིས་ དངུལ་འབྲེལ་མཐུན་རྐྱེན་དཔྱད་ཡིག་༢༠༡༧ ཅན་མའི་གུ་ གྲོས་བསྡུར་གནང་སྟེ་ ངོས་ལེན་མེདཔ་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན།
མགར་སའི་འཐུས་མི་ སངས་རྒྱས་མཁའ་འགྲོ་གིས་ སླབ་མིའི་ནང་ མ་གཞི་ མགྲིན་ཚབ་ཀྱི་ བསམ་བཤད་ཚུ་ ཚོགས་སྡེའི་གཞུང་འབྲེལ་ཐུགས་འཆར་མེན་རུང་ འཐུས་མི་མང་ཤོས་ཅིག་གིས་ ངོས་ལེན་ཡོད་ཟེར་ཨིནམ་ད་ ཚོགས་སྡེའི་འཐུས་མི་ཚུ་གིས་ འཕྲལ་མགྱོགས་ར་ གནད་དོན་དེ་གི་སྐོར་ གསུང་གྲོས་གནང་ཞིནམ་ལས་ གཞུང་འབྲེལ་གྱི་ ངོས་ལེན་འབད་འོང་ཟེར་ཨིན་པས།
ཚོགས་སྡེའི་ནང་འཁོད་ལས་ ལོ་རྒྱུས་བཤད་མི་དང་འཁྲིལཝ་ད་ བསྐྱར་ཞིབ་ཚོགས་ཁང་གི་ ཁྲིམས་དོན་ལས་ཁུངས་ཀྱིས་ དངུལ་འབྲེལ་མཐུན་རྐྱེན་དེ་ ཁྲིམས་མཐུན་ཨིན་ན་མེན་ན་ ལྟ་དོ་ཟེར་ཨིནམ་ད་ དེ་གི་ཤུལ་ལས་ འཐུས་མི་དམངས་ལུ་ གསལ་ཞུ་འབད་ཞིནམ་ལས་ ཚོགས་སྡེའི་ཐུགས་འཆར་ གཞུང་འབྲེལ་ཐོག་ བཀོད་ནི་ཨིན་པས།
ཚོགས་སྡེའི་འཐུས་མི་ཅིག་གིས་འབད་བ་ཅིན་ གལ་སྲིད་ གཞུང་གིས་ སྤྱི་ཚོགས་ལས་ གནང་བ་མ་གྲུབ་པར་ དངུལ་འབྲེལ་མཐུན་རྐྱེན་བསྟར་སྤྱོད་འབད་མི་དེ་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ལས་ འགལ་ཡོད་པའི་ བདེན་ཁུངས་འཐོན་པ་ཅིན་ གཞུང་ལུ་ འགན་འཁྲི་བཀལ་དགོ་ཟེར་ཨིན་པས།
འདས་པའི་གཞུང་གིས་ དངུལ་འབྲེལ་མཐུན་རྐྱེན་དེ་ སྤྱི་ལོ་༢༠༡༠ དང་༢༠༡༣ ལུ་ གནང་ཡོདཔ་མ་ཚད་ ད་ལྟོའི་གཞུང་གིས་ སྤྱི་ལོ་༢༠༡༦ ཟླ་༡ པའི་ཚེས་༡ ལས་ བསྟར་སྤྱོད་འབད་ཡོདཔ་ད་ སྤྱི་ལོ་༢༠༡༧ གྱི་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་དེ་ སྤྱི་ཚོགས་༢ པའི་ཚོགས་ཐེངས་༩ པའི་ནང་ བཙུགས་པའི་སྐབས་ དངུལ་འབྲེལ་དཔྱད་ཡིག་སྦེ་ ཆ་འཇོག་གྲུབ་པའི་སྐབས་ལུ་ རྩོད་རྙོགས་ཅན་གྱི་ གནད་དོན་ཅིག་ལུ་ གྱུར་སོཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ ཌོག་ཊར་བསོད་ནམས་ཀུན་དགའ་གིས་ བཤད་མིའི་ནང་ འབྲུག་རྒྱང་བསྒྲགས་ལས་འཛིན་དང་ ཀུན་གསལ་གྱིས་ ཚོགས་སྡེའི་ཐུགས་འཆར་ཨིནམ་བཟུམ་སྦེ་ གནས་ཚུལ་ཁྱབ་སྤེལ་འབད་ནུག་ཟེར་ཨིན་པས།
ཨིན་རུང་ དངུལ་འབྲེལ་དང་ ཏི་རུ་ཚུ་གི་གནད་དོན་ནང་ རྒྱལ་ཡོངས་ཚོགས་སྡེའི་ཁ་ཐུག་ལས་ གྲོས་འདེབས་ཕུལ་ནི་མ་གཏོགས་ ཐག་བཏོག་ནི་གི་ དབང་ཚད་མེདཔ་ཨིན་པས།
དེ་ལས་ འབྲུག་མཉམ་རུབ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ བསྟན་འཛིན་ལེགས་འཕེལ་གྱིས་ ཀུན་གསལ་ལུ་ སླབ་མིའི་ནང་ སྤྱི་ཚོགས་ཀྱི་ བཙག་འཐུའི་བྱ་རིམ་ འགོ་འདྲེན་འཐབ་ནི་གི་ དུས་ཚོད་རན་དོ་ཡོདཔ་ལས་ གནད་དོན་དེ་ ག་དེ་མགྱོགས་མགྱོགས་ སེལ་ཐབས་འབད་དགོ་ཟེར་ཨིནམ་ད་ དངུལ་འབྲེལ་མཐུན་རྐྱེན་གྱི་ གནད་དོན་ནང་ལྷོདཔ་ད་ གཞུང་གིས་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ལས་ འགལ་ཡོདཔ་བཟུམ་སྦེ་ར་ མཐོང་སྣང་བྱུང་མི་ལུ་བརྟེན་ ང་བཅས་ཀྱི་ ཁྲིམས་རྩོདཔ་ཚུ་གིས་ འབྲེལ་ཡོད་བཅའ་ཁྲིམས་དང་ ཁྲིམས་ཡིག་ཚུ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་མ་ཚད་ རྩ་ཁྲིམས་ཅན་གྱི་ རྩོད་གཞི་དང་པ་ཐོན་མི་དེ་ནང་ མངོན་མཐོ་ཁྲིམས་འདུན་གྱིས་ འཁྲུན་ཆོད་གནང་མི་དེ་ཡང་ འབྲེལ་གཏུགས་འབད་དོ་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ལྡོག་ཕྱོགས་ཚོགས་པ་གིས་ཡང་ གནད་དོན་དེ་ལུ་ རྒྱབ་འགལ་སྒྲིང་སྒྲི་འབདཝ་ཨིན་རུང་ ད་ཚུན་གྱི་བར་ན་ ཐབས་ལམ་ཅིག་ ག་ནི་ཡང་ མ་བཏོན་པར་ཡོདཔ་ཨིན་པས།
དངུལ་རྩིས་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ སླབ་མིའི་ནང་ བློན་ཆེན་མཆོག་གིས་ དངུལ་འབྲེལ་མཐུན་རྐྱེན་སྐོར་ལས་ གསལ་བཤད་གནང་པའི་ཤུལ་ལུ་ གཞུང་གིས་ གནད་དོན་དེ་གི་སྐོར་ གསུང་གྲོས་ག་ནི་ཡང་ མ་གནང་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ དངུལ་འབྲེལ་མཐུན་རྐྱེན་ཚུ་ སྤྱི་ཚོགས་ནང་ མ་བཙུགས་པར་ གནང་མི་དེ་ རྩ་ཁྲིམས་ཀྱི་ དགོངས་དོན་ཚུ་ལས་ འགལ་ནུག་ཟེར་ ཁ་ཉེས་བཀལ་མི་ཚུ་ལུ་ གཞི་ཁུངས་མེདཔ་སྦེ་ གསུངས་ཡོད་པའི་གནས་ཚུལ།
Check Also
འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།
༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …