རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཚུ་གི་དོན་ལུ་ ངོ་སྤྲོད་ལས་རིམ།

༉ ཚོགས་དཔོན་དང་ བློན་ཆེན་༢ ཀྱིས་གཙོས་པའི་ རྒྱལ་ཡོངས་ཚོགས་འདུའི་འཐུས་མི་ཚུ་གིས་ ངོ་སྤྲོད་སྦྱོང་བརྡར་ལས་རིམ་ནང་ བཅའ་མར་གཏོགས་པའི་བསྒང་ཡོདཔ་ད་ ཁ་ཙ་ ཉིན་གྲངས་༢ པའི་ནང་ འཐུས་མི་ཚུ་གིས་ སྤྱི་ཚོགས་ཀྱི་འགན་ཁུར་དང་ ཚོགས་ཆུང་ བྱ་སྒོའི་རིམ་པ་དང་ ཀུན་སྤྱོད་རྣམ་གཞག་ཚུ་གི་སྐོར་ལས་ སློབ་སྦྱོང་འབད་ཡོདཔ་ཨིན་པས།
བློན་པོ་དང་ སྤྱི་ཚོགས་ཀྱི་འཐུས་མི་བགྲེསཔ་ དབང་འདུས་ནོར་བུ་དང་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་བགྲེསཔ་ འཇིགས་མེད་རིག་འཛིན་༢ ཀྱིས་ཡང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
སྤྱི་ཟླ་༡༡ པའི་ཚེས་༡༢ ལས་འགོ་བཙུགས་མི་ ཉིན་གྲངས་༥ འབད་མི་ ལས་རིམ་དེ་ རྒྱལ་ཡོངས་ཚོགས་འདུའི་དྲུང་ཆེན་ཡིག་ཚང་གིས་ འགོ་འདྲེན་འཐབ་ཡོདཔ་ད་ ཉིནམ་དང་པ་དེ་ རྒྱལ་ཡོངས་ཚོགས་འདུའི་ཞལ་འཛོམས་ཁང་ནང་སྦེ་ འགོ་འདྲེན་འཐབ་ཡོད་རུང་ ཉིནམ་༢ པ་དེ་ ཨ་རི་ཡ་ཟ་ཁང་ནང་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
སྦྱོང་བརྡར་ལས་རིམ་གྱི་ དམིགས་ཡུལ་གཙོ་བོ་ར་ འཐུས་མི་ཚུ་ལུ་ གཞུང་གི་ཡན་ལག་༣ པ་ སྤྱི་ཚོགས་ཀྱི་འགན་ཁུར་དང་འགན་ཁྲིའི་སྐོར་ལས་ གོ་བརྡ་སྤེལ་ནི་དང་ སྤྱི་ཚོགས་ཀྱི་འཐུས་མི་གསརཔ་ཚུ་ རྩ་ཁྲིམས་ཆེན་མོའི་དགོངས་དོན་ལྟར་ ད་རེས་ནངས་པར་ དང་བླང་འབད་བཞིན་ཡོད་པའི་ ཁྲིམས་བཟོའི་བྱ་སྒོ་དང་འབྲེལ་བའི་ སྤྱི་ཚོགས་ཀྱི་ལམ་ལུགས་ཀྱི་སྐོར་ལས་ གཞི་རྟེན་ཤེས་ཡོན་བྱིན་ནི་ལུ་ དམིགས་ཏེ་ཨིན་པས།
དེ་མ་ཚད་ ལས་རིམ་དེ་ ཁྲིམས་བཟོའི་གཙུག་སྡེ་ མཐོ་ཤོས་ཅིག་འབད་ནི་དེ་གིས་ རྩ་ཁྲིམས་ཅན་གྱི་འགན་ཁུར་གྱི་སྐོར་ལས་ གཏིང་ཟབ་སྦེ་ ཧ་གོ་ནིའི་དོན་ལུ་ དམིགས་ཏེ་ཨིན་པས།
སྦྱོང་བརྡར་ཉིནམ་དང་པ་དེ་ རྒྱལ་ཡོངས་ཚོགས་འདུའི་ ཞལ་འཛོམས་ཁང་ནང་སྦེ་ འགོ་འདྲེན་འཐབ་ཡོདཔ་ད་ ཉིནམ་དེ་ལུ་ བློན་པོ་བགྲེསཔ་མཁའ་འགྲོ་དབང་ཕྱུག་དང་ བློན་པོ་བགྲེསཔ་དམ་ཆོས་རྡོ་རྗེ་༢ ཀྱིས་ ཉམས་མྱོང་དང་ ཤེས་ཡོན་བརྗེ་སོར་དོན་ལུ་ སྐུ་མགྲོན་སྦེ་ གྲལ་གཏོགས་འབད་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

 

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *