རྒྱལ་ཡོངས་ཚོགས་འདུའི་ ཞལ་འཛོམས་དང་པའི་ནང་ སྤྱི་ཚོགས་ཀྱི་འཐུས་མི་ག་ར་གིས་ བཀབ་ནེ་ཧོནམོ་བཀབ་ནི།

རྒྱལ་ཡོངས་ཚོགས་འདུའི་ བྱ་འགོ་རིམ་པ་ གཅིག་མཚུངས་བཟོ་ཐབས་ལུ་ སྤྱི་ཟླ་༡༠ པའི་ཚེས་༣༡ ལུ་ བཙག་འཐུ་ལས་གྲུབ་པའི་འཐུས་མི་༤༧ གྱིས་ བཀབ་ནེ་ཧོནམོ་བཀབ་ཐོག་ལས་ གོ་གནས་ཀྱི་ དམ་བཅའ་ངོས་ལེན་ཐོག་ འགན་འཛིན་མཛད་ནི་ཨིན་པས།

རྒྱལ་ཡོངས་ཚོགས་འདུའི་ དྲུང་ཆེན་ཡིག་ཚང་དང་འཁྲིལཝ་ད་ འཐུས་མི་ག་ར་གིས་ རྒྱལ་ཡོངས་ཚོགས་འདུ་ནང་སྦེ་ ཚོགས་དཔོན་གོང་འོག་༢ བཙག་འཐུ་མ་འབད་བའི་ཧེ་མར་ བཀབ་ནེ་ཚུ་ སོར་བའི་ཤུལ་ལས་ ཁྲིམས་སྤྱི་བློན་པོ་ དྲགོས་ཚེ་རིང་དབང་ཕྱུག་གིས་ འཐུས་མི་ཚུ་གི་ གོ་གནས་ཀྱི་ དམ་བཅའ་ངོས་ལེན་ཐོག་ འགན་འཛིན་མཛད་ནི་ཨིན་པས།

དེ་ཡང་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ ཟུར་དེབ་གསུམ་པ་དང་འཁྲིལ་ འཐུས་མི་ཚུ་གིས་ གོ་གནས་ཀྱི་དམ་བཅའ་ ངོས་ལེན་ཕུལ་ནི་ཨིནམ་ད་ རྒྱལ་ཡོངས་ཚོགས་འདུའི་ དྲུང་ཆེན་ཡིག་ཚང་གིས་ ཞལ་འཛོམས་དང་པའི་ ལས་རིམ་གྲལ་ལས་ ཚོགས་དཔོན་གོང་འོག་༢ བཙག་འཐུ་འབད་ནིའི་ལས་རིམ་དེ་ མཇུག་ལུ་བཞག་སྟེ་འདུག།

རྒྱལ་ཡོངས་ཚོགས་འདུའི་ ཡོངས་ཁྱབ་དྲུང་ཆེན་ སངས་རྒྱས་གྲུ་པ་གིས་ སླབ་མིའི་ནང་ བཙག་འཐུ་ལས་གྲུབ་པའི་ འཐུས་མི་ཚུ་གིས་ རྒྱལ་ཡོངས་ཚོགས་འདུའི་ཚོགས་ཁང་ནང་ སྤྱིར་བཏང་བཀབ་ནེ་ལུ་ འོང་པའི་ཤུལ་ལས་ འཐུས་མི་ཚུ་གིས་ གོ་གནས་དམ་བཅའ་ལེན་ནི་ཨིན་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ད་ལྟོ་ ཚོགས་དཔོན་གོང་འོག་༢ ཀྱི་ མིང་ཐོ་ཚུ་ ཡིག་ཚང་ནང་ མ་ལྷོད་རུང་ ཡིག་ཚང་གིས་ འབྲུག་མཉམ་རུབ་ཚོགས་པ་ལུ་ ཚོགས་དཔོན་གོང་འོག་གི་ གདམ་འཐུའི་མིང་ཐོ་ཚུ་ཡང་ ཚོགས་རྒྱན་འཕྲུལ་ཆས་ གྲ་སྒྲིག་འབད་ནིའི་དོན་ལུ་ སྤྱི་ཟླ་༡༠ པའི་ཚེས་༣༠ གི་ཕྱི་རུའི་ནང་འཁོད་ལུ་ ཡིག་ཚང་ནང་ བྱིན་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།

ཨིན་རུང་ ཡོངས་ཁྱབ་དྲུང་ཆེན་གྱིས་ ཚོགས་དཔོན་གྱི་ གདམ་འཐུའི་མིང་ཐོ་ཚུ་ཡང་ གསལ་སྟོན་མ་འབད་བར་ སྤྱི་ཟླ་༡༠ པའི་ཚེས་༣༡ ཚུན་ གསང་བའི་ཐོག་ལས་ བཞག་འོང་ཟེར་ཨིནམ་ད་ རྒྱལ་ཁ་ཐོབ་མི་ ཚོགས་པ་ལས་ འཐུས་མི་ག་ཨིན་རུང་ ཚོགས་དཔོན་གོང་འོག་གི་ གོ་གནས་དོན་ལུ་ གདམ་ངོའི་མིང་ཐོ་སྦེ་ བྱིན་ཆོག་ནི་ཨིན་པས།

རྩ་ཁྲིམས་ཆེན་མོའི་རྩ་ཚན་༡༢ པའི་དོན་ཚན་༣ པ་དང་འཁྲིལཝ་ད་ སྤྱིར་བཏང་བཙག་འཐུ་ གང་ཞིག་གི་ཤུལ་ལས་ ཞལ་འཛོམས་དང་པ་ འཚོགས་པའི་སྐབས་ལུ་ ཡང་ན་ ས་སྟོང་བསུབ་དགོཔ་རེ་ འཐོན་པའི་དུས་ལུ་ རྒྱལ་ཡོངས་ཚོགས་འདུ་གིས་ དེའི་འཐུས་མི་ཚུ་གི་གྲལ་ལས་ ཚོགས་དཔོན་གོང་འོག་ བཙག་འཐུ་འབད་དགོ་ཟེར་ཨིན་པས།

དེ་ལས་ འབྲུག་རྒྱལ་པོ་མཆོག་གིས་ སྐུ་ཉིད་ཀྱི་ ཕྱག་རྟགས་དང་ ཕྱག་དམ་ཅན་གྱི་ བཀའ་ཐམ་ཐོག་ལས་ ཚོགས་དཔོན་སྦེ་བདག་རྐྱེན་གནང་ནི་ཨིན་པས།

ཞལ་འཛོམས་དང་པའི་ནང་ བློན་པོ་བརྩི་འཇོག་མེནམ་ལས་ འཐུས་མི་ག་ར་ ཚོགས་ཁང་ནང་ རང་སོའི་མིང་ཐོ་སྦྱར་ཡོད་མི་དང་འཁྲིལ་ཏེ་ སྡོད་འོང་ཟེར་ ཞལ་འཛོམས་དང་པའི་ ལས་རིམ་ནང་ གསལ་བཀོད་འབད་ནུག།

འཐུས་མི་ཚུ་གིས་ གོ་གནས་དམ་བཅའ་ ངོས་ལེན་འགན་འཛིན་འབད་བའི་ཤུལ་ལས་རྐྱངམ་གཅིག་ བློན་ཆེན་སྦེ་ བཙག་འཐུ་གྲུབ་མི་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ བློན་པོ་གི་ གདམ་ངོའི་མིང་ཐོ་ཚུ་ བཏོན་ནི་ཨིན་པས།

ཞལ་འཛོམས་ནང་ མི་དབང་མངའ་བདག་རིན་པོ་ཆེའི་ སྐུ་ངོ་མཚོན་བྱེད་ལུ་ སྐུ་གསུང་ཐུགས་རྟེན་ གདན་འདྲེན་ཞུ་སྟེ་ གསེར་ཁྲི་རྣམ་རྒྱལ་ཁང་བཟང་ནང་ བཞུགས་སུ་གསོལ་ནི་ཨིནམ་བཞིན་དུ་ ཡོངས་ཁྱབ་དྲུང་ཆེན་གྱིས་ ཚོགས་ཁང་ནང་ བཀའ་ཤོག་ལྷག་ཕུལ་ནི་ཨིན་པས།

རྒྱལ་ཡོངས་ཚོགས་འདུའི་ བྱ་བའི་གནད་སྤྱོད་དང་འཁྲིལཝ་ད་ སྤྱི་ཟླ་༡༠ པའི་ཚེས་༣༠ གི་ནང་འཁོད་ལུ་ འཐུས་མི་ཚུ་གིས་ ཐོ་བཀོད་ཀྱི་དོན་ལུ་ ཡོངས་ཁྱབ་དྲུང་ཆེན་ལུ་ བཙག་འཐུ་གི་ ལག་ཁྱེར་ཚུ་ ཕུལ་དགོ་ཟེར་ཨིན་པས།

ཚོགས་དཔོན་གྱི་བཙག་འཐུ་དེ་ ཡོངས་ཁྱབ་དྲུང་ཆེན་ ཡང་ན་ ཡོངས་ཁྱབ་དྲུང་ཆེན་མེད་པ་ཅིན་ དེའི་འོག་གི་ འགོ་དཔོན་མཐོ་ཤོས་ཅིག་གིས་ འགོ་འདྲེན་འཐབ་དགོཔ་ད་ ཚོགས་དཔོན་གྱི་ འགན་ཁུར་ཚུལ་མཐུན་བསྒྲུབ་ནིའི་དོན་ལུ་ ཚོགས་དཔོན་དེ་ ཕྱོགས་ལྷུང་མེདཔ་སྦེ་ གནས་དགོ་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *