རྒྱལ་ཡོངས་ཚོགས་འདུ་གིས་ མ་དངུལ་ས་ཡ་༡༡༠ སོར་ཆུད་འབད་དགོ་པའི་བཀའ་རྒྱ།

༉ སྤྱི་ལོ་༢༠༡༦ ལོའི་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ སྙན་ཞུ་གུ་ ཉིན་གྲངས་༢ ཀྱི་རིང་ གསུང་གྲོས་གནང་པའི་ཤུལ་ལུ་ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་གིས་ འཁྲུན་ཆོད་བསྟར་སྤྱོད་ཀྱི་དོན་ལུ་ བསགས་ལུས་ཡོད་པའི་ རྩོད་རྙོགས་ཚུ་ ག་དེ་མགྱོགས་མགྱོགས་ མཇུག་བསྡུ་དགོཔ་སྦེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཀའ་རྒྱ་གནང་ཡི།

ཁྲིམས་འདུན་གོང་འོག་ཚུ་གིས་ རྩོད་བཤེར་རིམ་པར་གནང་སྟེ་ རྩོད་དོན་ཁག་༡༢ ནང་ མི་ངོ་༡༧ ལས་ དངུལ་ཀྲམ་ས་ཡ་༡༡༠ དེ་ཅིག་ གཞུང་ལུ་ སོར་ཆུད་འབད་དགོ་པའི་ འཁྲུན་ཆོད་གནང་ཡོད་རུང་ ད་ཚུན་གྱི་བར་ན་ འཁྲུན་ཆོད་བསྟར་སྤྱོད་མ་འབད་བར་ ལུས་ཏེ་འདུག་ཟེར་ སྙན་ཞུ་ནང་ བཀོད་ཡོདཔ་ད་ དེ་ཡང་ ད་ལྟོ་ མང་ཤོས་ར་ བཙོན་ཁྲིམས་ཕྱག་ཞུ་བའི་བསྒང་ཡོད་མི་ མི་ངོ་ཚུ་གིས་ སྤྱི་ལོ་༢༠༠༧ ལས་༢༠༡༣ གྱི་བར་ན་ ངན་ལྷད་འབད་བའི་ གཞུང་དངུལ་ཚུ་ཨིན་པས།
རྒྱལ་ཡོངས་ཚོགས་འདུའི་ གྲོས་ཆོད་དེ་ བསྟར་སྤྱོད་འབད་ནིའི་དོན་ལུ་ དངུལ་རྩིས་ལྷན་ཁག་གིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ མ་དངུལ་ལྷན་ཐབས་ཀྱི་ རྒྱབ་སྐྱོར་དང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ མི་སྟོབས་ཀྱི་ རྒྱབ་སྐྱོར་གནང་དགོཔ་ཨིན་པས།
ལེགས་ལྡན་གཞུང་སྐྱོང་ཚོགས་ཆུང་གིས་ དུས་ཡུན་ཟླ་ངོ་༦ གི་ ནང་འཁོད་ལུ་ སོར་ཆུད་མ་དངུལ་ཚུ་ བསྡུ་སྒྲིག་འབད་དེ་ གནམ་དགུན་གྱི་ ཚོགས་ཐེངས་༡༠ པའི་ནང་ སྙན་ཞུ་ཕུལ་དགོ་པའི་ གྲོས་འཆར་ཕུལ་ཡོད་རུང་ འཐུས་མི་ལ་ལོ་ཅིག་གིས་ དུས་ཚོད་ གསལ་བཀོད་འབད་ནི་དེ་ སྟབས་མི་བདེ་འོང་ཟེར་ ཞུ་ཡི།
དངུལ་རྩིས་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ ཞུ་མིའི་ནང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཞག་དུས་གསལ་བཀོད་འབད་བའི་ ནང་འཁོད་ལུ་ སོར་ཆུད་མ་དངུལ་ཚུ་ ཡོངས་རྫོགས་སྦེ་ བསྡུ་སྒྲིག་འབད་ཚུགས་ནི་དེ་ ལཱ་ཁག་འོང་ཟེར་ཨིནམ་ད་ དུས་ཚོད་བྱིན་ནིའི་ཚབ་ལུ་ བསགས་ལུས་མི་ རྩོད་རྙོགས་ཚུ་ ག་དེ་མགྱོགས་མགྱོགས་ མཇུག་བསྡུ་དགོཔ་སྦེ་ བཀའ་རྒྱ་གནང་པ་ཅིན་ དྲག་འོང་ཟེར་ ཁོ་གིས་ ཞུ་ཡི།
མི་ངོ་སོ་སོ་གིས་ ལྐོག་ཟ་འབད་བའི་ མ་དངུལ་ཚུ་ ལོག་གཞུང་ལུ་ བཙུགས་དགོ་མིའི་གྲས་ལས་ མཐོ་ཤོས་ར་ སྤྱི་ལོ་༢༠༡༡ ལུ་ འཁྲུན་ཆོད་གནང་མི་ བསམ་རྩེ་ས་གཏེར་ཕྱིར་བཏོན་འབད་བའི་ རྩོད་རྙོགས་ནང་ ཉེས་འཛུགས་ཅན་༡ གིས་ དངུལ་ཀྲམ་ས་ཡ་༤༣.༢༦༢ དང་ ཉེས་འབྲེལ་བ་གཞན་༡ གིས་ དངུལ་ཀྲམ་ས་ཡ་༤༧.༨༤༤ ལྷགཔ་ཅིག་ སོར་ཆུད་འབད་དགོཔ་ཨིན་པས།
མི་ངོ་༢ ཀྱི་ཤུལ་ལས་ སྤྱི་ལོ་༢༠༡༣ ལུ་ འཁྲུན་ཆོད་བཏོན་མི་ གསོ་བའི་མཁོ་སྒྲུབ་མ་དངུལ་ གཡོ་སྒྱུའི་ཐོག་ལུ་ ལོག་སྤྱོད་འབད་མིའི་ནང་ ཉེས་ཅན་དེ་གིས་ དངུལ་ཀྲམ་ས་ཡ་༤.༡༠༣ ལྷགཔ་ཅིག་དང་ མོང་སྒར་ན་རང་གཞི་རྟེན་སྨན་ཁང་ བཟོ་སྐྲུན་འབད་མི་གིས་ དངུལ་ཀྲམ་ས་ཡ་༣.༡༩༠ དེ་ལས་ སྤྱི་ལོ་༢༠༠༧ ལུ་ ན་གཞོན་གོང་འཕེལ་མ་དངུལ་ནང་ མ་དངུལ་ལྐོག་ཟ་འབད་མི་གིས་ དངུལ་ཀྲམ་ས་ཡ་༡.༡༦༩ སོར་ཆུད་འབད་དགོཔ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་༢༠༡༣ ལུ་ སྤུ་ན་ཁ་འབྲུག་གི་དངུལ་ཁང་ནང་ལས་ མ་དངུལ་ལྐོག་ཟ་འབད་མི་ མི་ངོ་༣ གྱིས་ དངུལ་ཀྲམ་ས་ཡ་༡.༠༧༦, ས་ཡ་༢.༩༢༧ དེ་ལས་ དངུལ་ཀྲམ་ས་ཡ་༢.༠༠༡ སོར་ཆུད་འབད་དགོཔ་མ་ཚད་ སྤྱི་ལོ་༢༠༡༣ ལུ་ ཤ་སྟོང་དགོན་པའི་ སྒྲུབ་ཁང་བཟོ་སྐྲུན་འབད་བའི་ རྩོད་དོན་ནང་ མི་ངོ་ལས་ དངུལ་ཀྲམ་ས་ཡ་༡.༠༣༥ དང་ བཟོ་སྐྲུན་གོང་འཕེལ་ལས་འཛིན་གྱི་ ནང་གསུག་སྤྲོད་ལེན་དང་ དབང་ཚད་ལོག་སྤྱོད་འབད་མི་གིས་ དངུལ་ཀྲམ་ས་ཡ་༡.༠༦༢ ལོག་བཙུགས་དགོཔ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *