རྒྱལ་ཡོངས་ཚོགས་འདུ་གིས་ ཚོགས་དཔོན་གོང་འོག་༢ ད་རིས་ བཙག་འཐུ་འབད་ནི།

འབྲུག་མཉམ་རུབ་ཚོགས་པ་གིས་ དབང་འདུས་ཕོ་བྲང་ ཉི་ཤོ་-སྲས་ཕུག་འདེམས་ཁོངས་ལས་ དབང་ཕྱུག་རྣམ་རྒྱལ་དེ་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་གྱི་ འདེམས་ངོ་སྦེ་ གདམ་འཐུ་འབད་ཡོདཔ་བཞིན་དུ་ ད་རིས་ རྒྱལ་ཡོངས་ཚོགས་འདུ་ནང་སྦེ་ འཐུས་མི་ཚུ་གིས་ ཚོགས་དཔོན་གོང་འོག་༢ བཙག་འཐུ་འབད་ནི་ཨིན་པས།

སྤུ་ན་ཁ་ དཀར་སྦྱིས་ས་-རྟ་ལོག་འདེམས་ཁོངས་ལས་ བཙན་སྐྱོགས་དབང་འདུས་དེ་ མཉམ་རུབ་ཚོགས་པའི་ ཚོགས་དཔོན་འོགམ་སྦེ་ གདམ་ངོ་བཏོན་ནུག།

སྐྱེས་ལོ་༥༦ ལང་མི་ དབང་ཕྱུག་རྣམ་རྒྱལ་གྱིས་ ཤེས་རིག་ལྷན་ཁག་ནང་ ལོ་༢༧ གྱི་རིང་ ཕྱག་ཞུ་ཡོདཔ་ད་ ཁོ་ལུ་ ཤེས་རིག་ནང་ པི་ཇི་མཐོ་རིམ་ཤེས་ཚད་དང་ རྒྱལ་རབས་ནང་ གཙུག་ལག་གོང་མའི་ ཤེས་ཚད་ཡོདཔ་ཨིན་པས།

ཚོགས་དཔོན་འོགམ་གི་གདམ་ངོ་ སྐྱེས་ལོ་༣༣ ལང་མི་ བཙན་སྐྱོགས་དབང་འདུས་དེ་ ལྟ་བཤལ་གྲོས་སྟོན་པ་དང་ ཚོང་འབྲེལ་འཐབ་སྡོད་མི་ཨིནམ་ད་ ཁོ་ལུ་ རྒྱལ་སྤྱི་མཐུན་འབྲེལ་ནང་ གཙུག་ལག་གོང་མའི་ ཤེས་ཡོན་ཡོདཔ་ཨིན་པས།

ལྡོག་ཕྱོགས་ཚོགས་པ་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་དཔོན་གོང་འོག་གི་དོན་ལུ་ ད་རེས་ འགོ་དང་པ་ འདེམས་ངོ་༢ གདམ་འཐུ་འབད་ཡོད་མི་དེ་ཡང་ མོང་སྒར་དགྲ་མེད་རྩེ་-སྔ་ཚང་འདེམས་ཁོངས་ལས་ སྐྱེས་ལོ་༤༩ ལང་མི་ ཨོ་རྒྱན་དབང་འདུས་ཀྱིས་ ཚོགས་དཔོན་གྱི་དོན་ལུ་ དོ་འགྲན་འབད་ནི་ཨིནམ་ད་ བུམ་ཐང་ཆུ་སྨད་-ཨུ་ར་འདེམས་ཁོངས་ལས་ སྐྱེས་ལོ་༤༨ ལང་མི་ ཀརྨ་དབང་ཕྱུག་གིས་ ཚོགས་དཔོན་འོག་མའི་དོན་ལུ་ དོ་འགྲན་འབད་ནི་ཨིན་པས།

ཁ་ཙ་ ཐིམ་ཕུག་ལུ་ གནས་ཚུལ་ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་པའི་སྐབས་ འབྲུག་མཉམ་རུབ་ཚོགས་པའི་མགྲིན་ཚབ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ སླབ་མིའི་ནང་ ཚོགས་པ་གིས་ རྒྱལ་ཡོངས་ཚོགས་འདུའི་ ཡོངས་ཁྱབ་ཡིག་ཚང་ལུ་ ལྡོག་ཕྱོགས་ཚོགས་པའི་ ཁ་ཐུག་ལས་ཡང་ ཚོགས་དཔོན་གོང་འོག་༢ ཀྱི་ འདེམས་ངོ་རེ་ ཡོད་པ་ཅིན་ མིང་ཐོ་ཚུ་ རྒྱལ་ཡོངས་ཚོགས་འདུའི་ ཡིག་ཚང་ནང་ ཕུལ་ནིའི་དོན་ལུ་ མགྲོན་བརྡ་འབད་དགོཔ་སྦེ་ སླབ་ཅི་ཟེར་ཨིནམ་ད་ ལྡོག་ཕྱོགས་ཚོགས་པ་ལས་ གདམ་ངོ་ཚུ་ཡོད་པ་ཅིན་ ང་བཅས་ཀྱི་ ཁ་ཐུག་ལས་ ངོས་ལེན་ཡོད་ཟེར་ མགྲིན་ཚབ་ཀྱིས་ བཤད་ཅི།

ཁོ་གིས་འབད་བ་ཅིན་ ད་རེས་ ལྡོག་ཕྱོགས་ཚོགས་པའི་ ཁ་ཐུག་ལས་ ཚོགས་དཔོན་གོང་འོག་༢ ཀྱི་ གདམ་ངོ་བཏོན་མི་དེ་ འགོ་དང་པ་ཨིནམ་བཞིན་དུ་ ཁྲིམས་ལུགས་ཀྱིས་ཡང་ གདམ་ངོ་བཏོན་ཆོགཔ་མ་ཚད་ དེ་གིས་ སྲིད་དོན་ནང་ མཐུན་ལམ་དང་ གཅིག་སྒྲིག་ཡར་དྲག་གཏང་ནི་ལུ་དམིགས་ཏེ་ གཞུང་སྐྱོང་གི་ ཁ་ཐུག་ལས་ ངོས་ལེན་འབད་ཡི་ཟེར་ཨིནམ་ད་ དེ་གིས་མ་དོ་བར་ སྲིད་དོན་ནང་ དབྱེ་ཁག་འབྱུང་མི་བཅུག་ནིའི་དོན་ལུ་ཨིན་ཟེར་ བཤདཔ་ཨིན་པས།

ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ བཤད་མིའི་ནང་ ལྡོག་ཕྱོགས་ཚོགས་པ་ལུ་ ཚོགས་དཔོན་འོགམ་གི་ གོ་སྐབས་བྱིན་དགོཔ་ཅིག་ཨིན་རུང་ བཙག་འཐུ་ལུ་ རག་ལས་ཟེར་ཨིན་པས།

སྤྱི་ཚོགས་ཀྱི་ འཐུས་མི་སྦེ་ གནས་ཡུན་ཚར་༢ ཕྱག་ཞུ་མི་ ཨོ་རྒྱན་དབང་འདུས་ལུ་ ཁྲིམས་དོན་ནང་ མཐོ་རིམ་གོང་མའི་ ཤེས་ཚད་ཡོདཔ་བཞིན་དུ་ ཀརྨ་དབང་ཕྱུག་གིས་ སྤྱི་ལོ་༡༩༩༨ ལས་ དྲུང་འཚོ་སྦེ་ ལཱ་འབད་ཡོདཔ་ཨིན་པས།

སྤྱིར་བཏང་བཙག་འཐུ་ནང་ འབྲུག་མཉམ་རུབ་ཚོགས་པ་གིས་ འདེམས་ཁྲི་༤༧ ཡོད་མིའི་གྲས་ལས་༣༠ དང་ འབྲུག་ཕུན་སུམ་ཚོགས་པ་གིས་ འདེམས་ཁྲི་༡༧ ཐོབ་ཐོག་ལས་ གཞུང་སྐྱོང་དང་ ལྡོག་ཕྱོགས་འབད་ནིའི་ གོ་སྐབས་ཐོབ་ཅི།

འདས་པའི་དྲི་བ་དྲིས་ལན་སྐབས་ འབྲུག་ཕུན་སུམ་ཚོགས་པའི་མགྲིན་ཚབ་ པཱན་སྦང་ལས་ བཙག་འཐུ་གྲུབ་མི་ རྡོ་རྗེ་དབང་འདུས་ཀྱིས་ ཀུན་གསལ་ལུ་ སླབ་མིའི་ནང་ ཨོ་རྒྱན་དབང་འདུས་ཀྱི་ རྒྱབ་ཁུངས་དང་ ཉམས་མྱོང་ཚུ་ལུ་བལྟ་སྟེ་ ཚོགས་དཔོན་གྱི་ དོ་འགྲན་འབད་ནིའི་དོན་ལུ་ རྒྱལ་ཡོངས་ཚོགས་འདུ་ཡིག་ཚང་ནང་ གདམ་ངོའི་མིང་ཐོང་ཕུལ་ནི་སྦེ་ གྲོས་ཐག་བཅད་ཡོདཔ་བཞིན་དུ་ ཚོགས་དཔོན་དེ་ ཕྱོགས་བཟུང་མེད་མི་ཅིག་དགོཔ་ལས་ གཞུང་སྐྱོང་དང་ ཡང་ཅིན་ ལྡོག་ཕྱོགས་ཚོགས་པ་གང་རུང་ལས་ འབད་བཏུབ་ཟེར་ཨིན་པས།

རྒྱལ་ཡོངས་ཚོགས་འདུའི་ བྱ་བའི་གནད་སྤྱོད་ནང་ འཐུས་མི་ཅིག་གིས་ ཚོགས་དཔོན་གྱི་ གོ་གནས་དོན་ལུ་ གདམ་ངོའི་གྲོས་འཆར་ཅིག་ ཚོགས་ཁང་ནང་ ཕུལ་མི་དེ་ལུ་ འཐུས་མི་གཞན་ཅིག་གིས་ རྒྱབ་སྐྱོར་འབད་དགོ་པའི་ཁར་ གདམ་ངོ་དེ་གིས་ ཚོགས་དཔོན་འབད་ནིའི་ བློ་འདོད་ཡོད་མེད་ཀྱི་ ཞུ་བ་ཕུལ་དགོཔ་ཨིན་པས།

ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་ཐེངས་༣ པའི་དོན་ལུ་ བཙག་འཐུ་གྲུབ་མི་ འཐུས་མི་ཚུ་གིས་ ཚོངས་འདུའི་ཡོངས་ཁྱབ་དྲུང་ཆེན་ལུ་ བཙག་འཐུ་གྲུབ་ཡོད་པའི་ ལག་ཁྱེར་ཚུ་ གསལ་སྟོན་འབད་ཡོདཔ་བཞིན་དུ་ ཡོངས་ཁྱབ་དྲུང་ཆེན་གྱིས་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ལུ་ ཚོགས་ཐེངས་དང་པའི་སྐོར་ལས་ གསལ་བཤད་འབད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *