དངུལ་རྩིས་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ རྩིས་ལོ་༢༠༡༨ དང་༢༠༡༩ ལོའི་ འཆར་དངུལ་སྙན་ཞུ་ཕུལ་བའི་བསྒང་།

རྒྱལ་ཡོངས་ཚོགས་འདུ་གིས་ ད་རིས་ རྩིས་ལོ་༢༠༡༨ དང་༢༠༡༩ ལོའི་ གནས་སྐབས་འཆར་དངུལ་གུ་ གྲོས་བསྡུར་འབད་ནི།

༉ ཁ་ཙ་ དངུལ་རྩིས་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ ཚོགས་ཁང་ནང་ རྩིས་ལོ་༢༠༡༨ དང་༢༠༡༩ ལོའི་ གསར་སྒྲུབ་དང་ རྒྱུན་སྐྱོང་གི་དོན་ལུ་ འཆར་དངུལ་ དངུལ་ཀྲམ་ས་ཡ་༤༣,༥༦༠.༦༨༢ བཞག་ཡོད་པའི་སྐོར་ལས་ ཚོགས་ཁང་ནང་ སྙན་ཞུ་ཕུལ་ཡི།
དངུལ་རྩིས་བློན་པོ་གིས་ གཞུང་གི་གནས་ཡུན་དེ་ སྤྱི་ཟླ་༨ པའི་ནང་ལས་ ཚང་ནི་ཨིན་རུང་ རྩིས་ལོ་༢༠༡༨ དང་༢༠༡༩ འི་དོན་ལུ་ གཞུང་གསརཔ་ག་འོང་མི་དེ་གིས་ གནང་བ་འགྲུབ་ནི་ཨིནམ་ལས་ དེ་གི་དོན་ལུ་ མ་དངུལ་ཚུ་ བཟོ་སྒྲིག་འབད་དེ་ཡོད་ཟེར་ཞུ་ཡི།
འཆར་དངུལ་དེ་གི་ དམིགས་དོན་གཙོ་བོ་ར་ ད་རེས་ འབད་བཞིན་དུ་ཡོད་མི་ལཱ་འཕྲོ་ཚུ་ འཕྲོ་མཐུད་འབད་དེ་ མི་མང་གིས་ ཞབས་ཏོག་གི་མཐུན་རྐྱེན་ཚུ་ འཐོབ་ཚུགསཔ་འབད་ནིའི་དོན་ལུ་ དམིགས་ཏེ་ཨིན་ཟེར་ དངུལ་རྩིས་བློན་པོ་གིས་ཞུ་ཡི།
མ་དངུལ་དེ་ཡང་ རྒྱུན་སྐྱོང་འཆར་དངུལ་དེ་ གཞུང་འཕྲོ་མཐུད་ཀྱི་དོན་ལུ་དང་ གསར་སྒྲུབ་འཆར་དངུལ་དེ་ ནམ་རྒྱུན་གྱི་ གལ་ཆེ་བའི་ལས་དོན་ཚུ་དང་ ལགཔ་ཁར་ཡོད་པའི་ གྲོགས་རམ་མ་དངུལ་གྱི་ཐོག་ལས་ ལཱ་འབད་བའི་བསྒང་ཡོད་མི་དང་ སྐྱིན་ཚབ་སྤྲོད་ནི་ལ་སོགས་པའི་ ལཱ་མཇུག་བསྡུ་ནིའི་དོན་ལུ་ དཔྱ་བགོ་རྐྱབ་སྟེ་ཡོདཔ་ཨིན་པས།
ཡོངས་བསྡོམས་དངུལ་ཀྲམ་དེ་ལས་ རྒྱུན་སྐྱོང་ཟད་འགྲོའི་དོན་ལུ་ དངུལ་ཀྲམ་ས་ཡ་༢༩,༠༧༥.༡༦༧ དང་ གསར་སྒྲུབ་དོན་ལུ་ དངུལ་ཀྲམ་ས་ཡ་༡༠,༧༧༢.༢༩༩ བཞག་སྟེ་ཡོདཔ་ད་ སྐྱིན་འགྲུལ་ངོ་མའི་སྐྱིན་ཚབ་ དངུལ་ཀྲམ་ས་ཡ་༢,༦༨༤.༣༣༦ དེ་ལས་ སྐྱིན་འགྲུལ་གཏང་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༢༨,༨༨༠ ཡང་ མ་དངུལ་དེ་ནང་ ཚུད་དེ་ཡོདཔ་ཨིན་པས།
རྩིས་ལོ་དེ་ནང་ ཐོན་ཁུངས་བསྡོམས་ཀྱིས་ དངུལ་ཀྲམ་ས་ཡ་༤༠,༧༤༣.༠༦༥ ཚོད་རྩིས་ཡོད་ས་ལས་ ནང་འཁོད་འོང་འབབ་ དངུལ་ཀྲམ་ས་ཡ་༣༥,༨༥༤.༩༩༨ དང་ ཕྱིའི་གནང་སྦྱིན་དངུལ་ཀྲམ་ས་ཡ་༤,༨༨༨.༠༦༧ འཐོབ་ནིའི་ ཚོད་རྩིས་འབད་དེ་ཡོད་ཟེར་ དངུལ་རྩིས་བློན་པོ་གིས་ ཚོགས་ཁང་ནང་ཞུ་ཡི།
ནང་འཁོད་འོང་འབབ་དེ་ཡང་ འདས་པའི་ལོ་དང་ཕྱདཔ་ད་ བརྒྱ་ཆ་༤.༤ གིས་ ཡར་སེང་ཐོག་ལས་ དངུལ་ཀྲམ་ས་ཡ་༣༥,༨༥༤.༩༩༨ ཚོད་རྩིས་འབད་ཡོདཔ་ད་ ཁྲལ་གྱི་འོང་འབབ་ལས་ དངུལ་ཀྲམ་ས་ཡ་༢༦,༡༥༠.༩༦༡ དང་ ཁྲལ་མིན་པའི་འོང་འབབ་དེ་ དངུལ་ཀྲམ་ས་ཡ་༩,༧༠༤.༠༤༠ ཚོད་རྩིས་འབད་ཡོདཔ་ཨིན་པས།
རྩིས་ལོ་དེ་ནང་ གློག་མེ་ལས་འགུལ་ནང་ལས་ དངུལ་ཀྲམ་ས་ཡ་༢,༦༩༤.༢༩༠ དང་ ལྟ་བཤལ་ལས་སྡེ་ལས་ དངུལ་ཀྲམ་༡,༥༨༦.༦༥༠ ཚོད་རྩིས་འབད་ཡོདཔ་ད་ ནང་འཁོད་འོང་འབབ་ནང་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ ཁེ་སང་རྩིས་ཐོ་སྤོ་སོར་དེ་ཡང་ ཚུད་དེ་ཡོདཔ་ཨིནམ་ད་ ཐད་ཁར་མིན་པའི་ཁྲལ་གྱི་གྲས་ལས་ རྒྱ་གར་རྒྱལ་ཁབ་ནང་ ཅ་ཆས་དང་ཞབས་ཏོག་ཁྲལ་ འགོ་བཙུགས་པའི་ཤུལ་ལས་ ལོག་འཐོབ་ནི་ཡོད་མི་ ནང་ཁྲལ་ལུ་ ཧེ་མ་བཟུམ་སྦེ་ ཡརསེང་མི་འོང་ནི་ཨིན་རུང་ བརྒྱ་ཆ་༢༥ གིས་ བབས་ནིའི་ ཚོད་རྩིས་ཡོདཔ་ཨིན་པས།
རྩིས་ལོ་དེ་གི་ བརྒྱུན་སྐྱོང་མ་དངུལ་གྱི་ཚོད་རྩིས་དེ་ སྤྱི་ལོ་༢༠༡༧ དང་༢༠༡༨ དང་ཕྱདཔ་ད་ བརྒྱ་ཆ་༡.༧ མཐོ་སུ་ཡོད་མི་དེ་ཡང་ སྤྱི་ཚོགས་ཀྱི་འཐུས་མི་ དགོངས་ཞུ་འབད་མི་ཚུ་གི་དོན་ལུ་ དགོངས་ཞུའི་ཁེ་ཕན་དོན་ལས་ དངུལ་ཀྲམ་ས་ཡ་༥༠.༧༨༠ དང་ སྤྱིར་བཏང་བཙག་འཐུའི་དོན་ལུ་ དངུལ་ཀྲམ་ས་ཡ་༤༦༩.༧༧༤ བཞག་ཡོད་ནི་དེ་གིས་ཨིན་པས།
གསར་སྒྲུབ་མ་དངུལ་ཐོག་ལས་ དངུལ་ཀྲམ་ས་ཡ་༢,༤༣༣.༤༥༤ ལྷན་ཁག་ཚུ་གི་དོན་ལུ་ བཞག་སྟེ་ཡོདཔ་ད་ རང་སྐྱོང་ལས་སྡེ་ཚུ་ལུ་ དངུལ་ཀྲམ་ས་ཡ་༡༩༠.༩༧༩ དེ་ལས་ རྫོང་ཁག་ཚུ་ལུ་ དངུལ་ཀྲམ་ས་ཡ་༡༧༤.༤༠༣ བཞག་ཡོདཔ་ད་ དེ་གི་ལྷག་ལུས་ དངུལ་ཀྲམ་ས་ཡ་༨༠.༡༢༠ རྩ་ཁྲིམས་འདུས་ཚོགས་དང་ དྲང་ཁྲིམས་ལྷན་སྡེའི་དོན་ལུ་ བཞག་ཡོདཔ་ཨིན་པས།
དེ་ལས་ རྩིས་ལོ་དེ་ནང་ དངུལ་ཀྲམ་ས་ཡ་༣,༦༨༤.༣༣༦ སྐྱིན་ཚབ་སྤྲོད་ནིའི་དོན་ལུ་དང་ དངུལ་ཀྲམ་ས་ཡ་༢༨.༨༨༠ དེ་ གྲོང་གསེབ་གློག་མེ་བཀྲམ་སྤེལ་དོན་ལུ་ བཞག་སྟེ་ཡོདཔ་ཨིན་པས།
གསར་སྒྲུབ་མ་དངུལ་དེ་ལས་ བརྒྱ་ཆ་༦༠ སྒྲིག་བཀོད་དོན་ལུ་དང་ མི་སྟོབས་གོང་འཕེལ་དོན་ལུ་ བརྒྱ་ཆ་༡༥ དེ་ལས་ འཕྲུལ་ཆས་དང་ལག་ཆས་ དེ་ལས་ ནང་ཆས་ཀྱི་དོན་ལུ་ བརྒྱ་ཆ་༡༡ དང་ དེའི་ལྷག་ལུས་དེ་ སྤྱིར་བཏང་ཟུར་གསོག་དང་ གནང་སྦྱིན་དོན་ལུ་བཞག་ཡོདཔ་ཨིན་པས།
གནས་སྐབས་འཆར་དངུལ་ཡོངས་བསྡོམས་ལས་ དངུལ་ཀྲམ་ས་ཡ་༨༩༥.༥༩༩ ལྷག་འོང་ནི་ཨིན་མི་དེ་ལས་ བརྒྱ་ཆ་༠.༤༣ ནང་འཁོད་ཡོངས་བསྡོམས་ལས་འོང་ནི་ཨིན་རུང་ འཆར་དངུལ་དེ་ནང་ ནང་འཁོད་སྐྱིན་འགྲུལ་ཚུད་དེ་མེདཔ་ཨིན་པས།
རྩིས་ལོ་དེ་ནང་ སྐྱིན་འགྲུལ་གཏང་ནི་དེ་ དངུལ་ཀྲམ་ས་ཡ་༢༨.༨༨༠ དང་ སྐྱིན་ཚབ་འཐོབ་ནི་དེ་ དངུལ་ཀྲམ་ས་ཡ་༡,༥༦༨.༨༥༣ ཚོད་རྩིས་འབད་དེ་ཡོདཔ་ད་ ཕྱིའི་བུ་ལོན་དེ་ ད་ལྟོ་ཡོད་མི་ ལས་འགུལ་ཚུ་དང་འཁྲིལཝ་ད་ དངུལ་ཀྲམ་ས་ཡ་༡༨༩,༢༥༥.༢༩༠ གུ་ གནས་ནིའི་ ཚོད་རྩིས་ཡོདཔ་ཨིན་པས།
ཕྱིའི་བུ་ལོན་དེ་ བརྒྱ་ཆ་གུ་ཕབ་པ་ཅིན་ ནང་འཁོད་འོང་འབབ་ལས་ བརྒྱ་ཆ་༩༡.༨ ཀྱི་རྩིས་ཨིན་རུང་ སྤུ་ན་གཙང་ཆུ་དང་པ་དང་གཉིས་པ་ དེ་ལས་ ནི་ཀ་ཆུ་དང་ ཁོ་ལོང་ཆུ་གློག་མེ་ལས་འགུལ་ཚུའི་དོན་ལུ་ མ་དངུལ་གཏང་དགོཔ་ཡོདཔ་ལས་ བུ་ལོན་དེ་ བརྒྱ་ཆ་༡༢.༤ ཡར་སེང་འགྱོ་ནིའི་ འོས་འབབ་ཡོདཔ་ཨིན་པས།
གནས་སྐབས་འཆར་དངུལ་དང་འཁྲིལཝ་ད་ གསོ་བའི་ལྷན་ཁག་ལུ་ དངུལ་ཀྲམ་ས་ཡ་༣,༩༩༢.༩༦༡ བཞག་སྟེ་ཡོད་མི་ཚུ་ཡང་ ཤེས་རིག་ལྷན་ཁག་གི་དོན་ལུ་ དངུལ་ཀྲམ་ས་ཡ་༨,༦༥༥.༠༧༣ བཞག་ས་ལས་ རྒྱུན་སྐྱོང་མ་དངུལ་ས་ཡ་༧,༤༧༨.༡༠༡ དང་ གསར་སྒྲུབ་དོན་ལུ་ དངུལ་ཀྲམ་ས་ཡ་༡,༡༧༦.༩༧༢ བཞག་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རང་བཞིན་སླར་འབྱུང་ཐོན་སྐྱེད་ལས་སྡེ་ལུ་ དངུལ་ཀྲམ་ས་ཡ་༣,༥༣༦.༥༢༧ དང་ ནུས་ཤུགས་དང་ས་གཏེར་བཟོ་གྲྭ་ལས་སྡེ་ལུ་ དངུལ་ཀྲམ་ས་ཡ་༡,༠༥༩.༠༧༥ ལཱ་གཡོག་དང་འབྲེལ་བའི་སྦྱོང་བརྡ་དང་ལཱ་གཡོག་དོན་ལུ་ དངུལ་ཀྲམ་ས་ཡ་༥༤༥.༢༢༨ འཁོར་ལམ་དང་ཁྲོམ་ཚོགས་ལས་སྡེའི་དོན་ལུ་ དངུལ་ཀྲམ་ས་ཡ་༣,༩༦༨.༠༤༣ ལམ་སྲོལ་ལས་སྡེ་ལུ་ དངུལ་ཀྲམ་ས་ཡ་༡,༤༨༦.༦༢༩ ཁྲིམས་དང་སྒྲིག་འཛིན་ལས་སྡེའི་དོན་ལུ་ དངུལ་ཀྲམ་ས་ཡ་༢,༢༩༡.༣༨༣ བཞག་ཡོདཔ་ད་ རྩེད་རིགས་ཀྱི་དོན་ལུ་ དངུལ་ཀྲམ་ས་ཡ་༡༤༤.༨༤༢ དེ་ལས་ སྤྱིར་བཏང་ཟུར་གསོག་དོན་ལུ་ དངུལ་ཀྲམ་ས་ཡ་༢,༦༨༣.༣༠༡ བཞག་ཡོདཔ་ཨིན་པས།
དངུལ་རྩིས་བློན་པོ་གིས་ འཆར་དངུལ་དེ་ གཞུང་གསརཔ་གི་དོན་ལུ་ གྲ་སྒྲིག་བཟུམ་ཅིག་ཨིནམ་ལས་ སྤྱི་ཚོགས་ཀྱིས་ ཆ་འཇོག་འབད་བའི་ རེ་བ་ཡོད་ཟེར་ཞུ་ཡོདཔ་ད་ དཔྱད་ཡིག་དེ་ལུ་ ཚོགས་ཁང་གིས་ ད་རིས་ འཕྲོ་མཐུད་དེ་ གྲོས་བསྡུར་འབད་ནི་ཨིན་པས།
སྤྱི་ཚོགས་ནང་ སྤྱི་ལོ་༢༠༡༧ དང་༢༠༡༨ ལོའི་ ལྷན་ཐབས་འཆར་དངུལ་དཔྱ་བགོའི་དཔྱད་ཡིག་དང་ སྤྱི་ལོ་༢༠༡༨ དང་༢༠༡༩ ལོའི་ འཆར་དངུལ་དཔྱད་བགོའི་དཔྱད་ཡིག་ཡང་ སྙན་ཞུ་འབད་ཡོད་མི་ལུ་ ད་རིས་ འཕྲོ་མཐུད་དེ་ གྲོས་བསྡུར་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *