རྒྱལ་ཡོངས་ཚོགས་འདུ་གིས་ ཨ་ལོའི་སྤྱི་ཚོགས་ཀྱི་ མ་དངུལ་དཔྱ་བགོ་ ཆ་འཇོག་མ་གྲུབ།

༉ རྒྱལ་ཡོངས་ཚོགས་སྡེ་གིས་ འཆར་དངུལ་ལྷན་ཐབས་དཔྱ་བགོ་དཔྱད་ཡིག་དེ་ བསྐྱར་གྲོས་གནང་དགོཔ་སྦེ་ རྒྱལ་ཡོངས་ཚོགས་འདུ་ནང་ བཏང་ཡོདཔ་བཞིན་དུ་ ཁ་ཙ་ ཨ་ལོའི་སྤྱི་ཚོགས་ཀྱི་སྐོར་ལས་ གྲོས་བསྡུར་གནང་ཡོད་རུང་ འཆར་དངུལ་ལྷན་ཐབས་དེ་ ཆ་འཇོག་གྲུབ་མ་ཚུགས།

རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཚུ་གིས་འབད་བ་ཅིན་ ཨ་ལོ་སྤྱི་ཚོགས་ཀྱི་ དམིགས་དོན་དེ་ ལེགས་ཤོམ་ཨིན་རུང་ སློབ་ཕྲུག་ཚུ་ལུ་ ཤེས་ཡོན་སྦྱང་ནི་ལུ་ ཐོ་ཕོག་ནི་དང་ མ་འོངས་པ་ལུ་ སྲིད་འབྲེལ་ནང་ འབྲེལ་འཛིན་འབད་ནི་གི་ ཉེན་ཁ་ཡང་ཡོད་ཟེར་ཨིན་པས།
བསམ་རྩེ་ རྡོ་ཕུག་ཅན་– རྟ་སྡིངས་ཀྱི་འཐུས་མི་ དཱན་བྷ་དུར་གྱིས་ ཞུ་མིའི་ནང་ རྒྱལ་ཡོངས་ཚོགས་སྡེའི་ ཁ་ཐུག་ལས་འབད་བ་ཅིན་ སློབ་གྲྭ་ཁག་ཚུ་ནང་ ཨ་ལོ་སྤྱི་ཚོགས་ཟེར་ བཙག་འཐུ་འགོ་འདྲེན་འཐབ་མི་དེ་གིས་ ཤེས་ཡོན་སྦྱང་ནི་ལུ་ ཐོ་ཕོག་ནི་མས་ཟེར་ ཨིན་པས།
དེ་འབདཝ་ད་ ཁོ་གིས་འབད་བ་ཅིན་ ཁོ་ར་ཧེ་མ་ ཤེས་རིག་ནང་ ཕྱག་ཞུ་ཡོདཔ་ལས་ ཁོ་རའི་ཉམས་མྱོང་ལས་འབད་བ་ཅིན་ སློབ་གྲྭ་ནང་ སློབ་སྟོན་འབད་བའི་ དུས་ཚོད་ལུ་ སྡེ་ཚན་གྱི་ ལཱ་འབད་ནི་མེད་ཟེར་ཨིནམ་ད་ ཨ་ལོའི་སྤྱི་ཚོགས་ལ་སོགས་པའི་ ལས་རིམ་ཚུ་ག་ར་ ངལ་གསོའི་སྐབས་ལུ་ འགོ་འདྲེན་འཐབ་དོ་ཡོདཔ་ལས་ དེ་གིས་ ཤེས་ཡོན་ལུ་ ཐོ་མི་ཕོག་ཟེར་ འཐུས་མི་དཱན་བྷ་དུར་གྱིས་ ཞུ་ཡི།
ཁོ་གིས་ ཞུ་མིའི་ནང་ རྒྱལ་ཁབ་ནང་ དམངས་གཙོའི་རིང་ ལུགས་འགོ་བཙུགས་ཏེ་ ལོ་༩ ལྷགཔ་ཅིག་ སོང་ཡོདཔ་ཨིན་རུང་ དེ་གི་སྐོར་ལས་ ལེགས་ཤོམ་སྦེ་ ཧ་གོ་མི་དེ་ སྤྲོ་བ་བསྐྱེད་མི་ཚུ་མ་གཏོགས་ གཞན་ཚུ་གིས་ ཧ་མ་གོ་བར་ཡོདཔ་ལས་ རྒྱལ་ཁབ་ཀྱི་ མ་འོངས་པའི་ མི་སེར་དང་ འགོ་ཁྲིདཔ་ཟེར་རུང་ ན་གཞོན་སློབ་ཕྲུག་བུཚ་དང་ བུམོ་ཚུ་ཨིནམ་ལས་ ཁོང་ལུ་ ཤེས་ཡོན་ལེགས་ཤོམ་བྱིན་ཚུགས་པ་ཅིན་ དེ་གིས་ མ་འོངས་པ་ལུ་ རྒྱལ་ཁབ་ལེགས་ཤོམ་འགྱོ་འོང་ཟེར་ཨིན་པས།
ཤེས་རིག་བློན་པོ་ནོར་བུ་དབང་ཕྱུག་གིས་ ཞུ་མིའི་ནང་ བཙག་འཐུ་ལྷན་ཚོགས་ལུ་ བཅའ་ཁྲིམས་དང་འཁྲིལ་ འགན་ཁུར་འབད་དགོཔ་ ཡོད་མི་དེ་ཡང་ རང་མོས་རྣམ་དག་ཐོག་ལས་ བཙག་འཐུ་འགོ་འདྲེན་འཐབ་ནི་དང་ རྒྱལ་ཡོངས་ལུ་ བཙག་འཐུ་དང་འབྲེལ་བའི་ གོ་བརྡ་དང་ ཤེས་ཡོན་སྤྲོད་ནི་ཚུ་ཨིནམ་བཞིན་དུ་ ལོ་༣ དེ་ཅིག་གི་ཧེ་མར་ ཨ་ལོའི་སྤྱི་ཚོགས་གཞི་བཙུགས་འབད་མི་དེ་ གོ་བརྡའི་ལས་རིམ་དང་འཁྲིལ་ཨིན་པས་ཟེར་ཞུ་ཡི།
འཐུས་མི་ཚུ་གི་ ཚ་གྱང་དེ་ སློབ་ཕྲུག་ཨ་ལོ་ཚུ་ སྲིད་དང་འབྲེལ་བ་འཐབ་སྟེ་ མ་འོངས་པ་ལུ་ ཉེན་ཁ་འོང་ནི་མས་ཟེར་ཨིན་རུང་ གལ་སྲིད་ དམངས་གཙོའི་རིང་ལུགས་ནང་ ཐོ་ཕོག་ནི་ཨིན་པ་ཅིན་ ག་བ་ལྷགཔ་སྦེ་ ཚ་གྱང་དེ་ བཙག་འཐུ་ལྷན་ཚོགས་ཀྱིས་ འབག་དགོ་ཟེར་ བློན་པོ་ནོར་བུ་དབང་ཕྱུག་གིས་ ཞུ་ཡི།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཨ་ལོའི་སྤྱི་ཚོགས་དེ་ སྲིད་དོན་ནང་ འབྲེལ་གནད་འབྱུང་འོང་ཟེར་མི་དེ་ མི་བདེན་ཟེར་ ཞུ་བའི་ཁར་ སྲིད་དོན་ནང་ འབྲེལ་གཏོགས་འབད་མི་འབད་དེ་ སྲིད་དོན་ཚོགས་པ་སོ་སོའི་ ལག་པར་ཨིན་ཟེར་ཞུ་ཡི།
ད་ལྟོ་ སློབ་གྲྭ་ཁག་ནང་ལས་ཕར་ ཨ་ལོའི་སྤྱི་ཚོགས་བཟོ་མི་དེ་གིས་ ན་གཞོན་སློབ་ཕྲུག་ཚུ་ སྲིད་ཀྱི་སྐོར་ལས་ ཧ་གོ་ཚུགསཔ་མ་ཚད་ བཙག་འཐུའི་བྱ་རིམ་ཚུ་ ལེགས་ཤོམ་སྦེ་ ཤེས་རྟོགས་ཡོདཔ་ བཟོ་ནི་ལུ་ ཁེ་ཕན་སྦོམ་འདུག་ཟེར་ བློན་ཆེན་གྱིས་ ཞུ་ཡི།
ད་རུང་ བློན་ཆེན་གྱིས་ ཨ་ལོ་ཚུ་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ཀྱི་རིམ་གྱིས་པ་ཚུ་ ག་དེ་སྦེ་ཡོདཔ་ཨིན་ན་ ཧ་གོ་དོ་ཡོདཔ་ལས་ ན་གཞོན་ཚུ་ དཔེ་ཆ་ལྷབ་པའི་བསྒང་ལས་ར་ རྒྱལ་ཡོངས་ཀྱི་ གནད་དོན་སྐོར་ལས་ ཧ་གོ་ཚུགསཔ་ལས་ དེ་གིས་ ཁེ་ཕན་སྦོམ་ཡོད་ཟེར་ ཞུ་ཡི།
རྒྱལ་ཁབ་ཀྱི་ སློབ་གྲྭ་༡༥༣ ནང་ དམངས་གཙོའི་སྡེ་ཚན་ཡོདཔ་ད་ སྤྱི་ལོ་༢༠༡༥ ལུ་ སྡེ་ཚན་༡༥༣ དང་ སྤྱི་ལོ་༢༠༡༦ ལུ་༡༧༦ ལུ་ ཡར་སེང་འབད་ཡོདཔ་བཞིན་དུ་ དེ་ཚུ་ནང་ འབྲེལ་གཏོགས་འབད་མི་ སློབ་ཕྲུག་༤,༥༠༠ ཡོདཔ་ཨིན་པས།
ཨིན་རུང་ ཨ་ལོའི་སྤྱི་ཚོགས་ཀྱི་དོན་ལུ་ མ་དངུལ་དཔྱ་བགོ་འབད་མི་དེ་ འབྲེལ་ཡོད་ལས་སྡེ་ཚུ་གིས་ ལོག་སྟེ་བསྐྱར་ཞིབ་འབད་ཞིནམ་ལས་ རྒྱལ་ཡོངས་ཚོགས་འདུ་ནང་ སྙན་ཞུ་འབད་དགོཔ་སྦེ་ གྲོས་ཐག་བཅད་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *