ཀུན་འབྱུང་སྡེ་ཚན་གྱི་ རྐང་རྩེདཔ་ཅིག་གིས་ གཱོལ་བཙུགས་ནི་ལུ་ དཔའ་བཅམ་པའི་བསྒང་།

རྒྱལ་ཡོངས་ཕུཊ་སཱལ་རྩེད་འགྲན་རྒྱལ་རྟགས་ ཐིམ་ཕུག་སི་ཊི་ཨེཕ་སི་སྡེ་ཚན་གྱིས་ ཐོབ་ཡོདཔ།

༉ ན་ཧིང་གི་ རྒྱལ་ཡོངས་ཕུཊ་སཱལ་རྩེད་འགྲན་ནང་ལས་ ཨང་དང་པ་ཐོན་མི་ ཀུན་འབྱུང་ཨེཕ་སི་དེ་ དུས་ཅི་ཡང་ རྒྱལ་ཁ་ཐོབ་ཚུགས་པའི་ བློ་སྤོབས་སྦོམ་བསྐྱེད་དེ་ སྡོད་པའི་བར་ན་ར་ ཐིམ་ཕུག་སི་ཊི་སྡེ་ཚན་གྱིས་ བསམ་པའི་རེ་འདུན་དེ་ གྲུབ་མ་བཅུགཔ་ཨིན་པས།
དེ་ཡང་ ཁ་ཙ་ རྒྱལ་ཡོངས་ཕུཊ་སཱལ་རྐང་རྩེད་འགྲན་བསྡུར་གྱི་ མཐའ་བཅད་འགྲན་བསྡུར་དེ་ ཐིམ་ཕུ་སི་ཊི་ཨེཕ་སི་དང་ ཀུན་འབྱུང་ཨེཕ་སི་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ ཐིམ་ཕུ་སི་ཊི་གིས་ གཱོལ་༧ དང་ ཀུན་འབྱུང་སྡེ་ཚན་གྱིས་ གཱོལ་༥ བཙུགས་ནུག།
འབྲུག་རྐང་རྩེད་ཚོགས་པ་གིས་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་མི་ རྒྱལ་ཡོངས་ཕོཊ་སཱལ་འགྲན་བསྡུར་ནང་ དུས་ཅི་ སྡེ་ཚན་༡༡ གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
རྩེད་འགྲན་འགོ་བཙུགས་ཏེ་ བར་མཚམས་ཚུན་ ཀུན་འབྱུང་སྡེ་ཚན་གྱིས་ གཱོལ་༢ དང་ ཐིམ་ཕུག་སི་ཊི་གིས་ གཱོལ་༤ བཙུགས་ཡོདཔ་ད་ བར་མཚམས་ཀྱི་ཤུལ་ལུ་ སྡེ་ཚན་གཉིས་ཆ་ར་གིས་ གཱོལ་༣ རེ་འདྲན་འདྲ་ བཙུགས་ཡོདཔ་ལས་ དོ་འགྲན་ཅན་གྱི་ མཐོང་སྣང་ལུ་གྱུར་ནུག།
སྡེ་ཚན་གཉིས་ཀྱིས་ ན་ཧིང་ མཐའ་བཅད་ནང་ དོ་འགྲན་འབད་བའི་སྐབས་ ཀུན་འབྱུང་ཨེཕ་སི་གིས་ རྒྱལ་ཁ་ཐོབ་ཡོདཔ་བཞིན་དུ་ སྡེ་ཚན་གྱིས་ མཐའ་བཅད་ནང་ ཐེངས་༣ ལྷོད་ཡོདཔ་ཨིན་པས།
ཀུན་འབྱུང་ཨེཕ་སི་ནང་ལས་ འཇམ་དབྱངས་རྒྱལ་མཚན་གྱིས་ སླབ་མིའི་ནང་ འདས་པའི་རྩེད་འགྲན་ནང་ བྱག་ཕྱད་སྡེ་ཚན་ལས་ རྒྱལ་ཁ་ཐོབ་ནི་དེ་གིས་ ད་རེས་ ཡང་ རྒྱལ་ཁ་ཐོབ་འོང་ཟེར་ བློ་བདེ་ཏོག་ཏོ་སྦེ་ རྩེད་འགྲན་འབད་བའི་ཤུལ་ལུ་ བསམ་དོན་དང་ རྒྱབ་འགལ་ ཡར་སོ་ཡི་ཟེར་ཨིན་པས།
འབྲུག་རྐང་རྩེད་ཚོགས་པ་ལས་ ཕུཊ་སཱལ་འཛིན་སྐྱོང་པ་ ཤེས་རབ་རྒྱ་མཚོ་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ ཕུཊ་སཱལ་རྩེད་འགྲན་དེ་ ཡོངས་གྲགས་ཐོན་མ་ཚུགས་པའི་ཁར་ ཕུཊ་སཱལ་གྱི་ རྐང་རྩེདཔ་ལོགས་སུ་མེདཔ་ལས་ རྒྱལ་སྤྱིའི་རྩེད་འགྲན་ནང་ དོ་འགྲན་འབད་ནི་ལུ་ གྲ་སྒྲིག་མེད་རུང་ མ་འོངས་པའི་ནང་ བཅའ་མར་གཏོགས་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
དུས་ཅི་ འབྲུག་རྐང་རྩེད་ཚོགས་པའི་ཁ་ཐུག་ལས་ སྡེ་ཚན་རེ་ལུ་ དངུལ་ཀྲམ་༥,༠༠༠ དང་ སྦྱོང་བརྡར་འབད་ནིའི་དོན་ལུ་ བཱོལ་༡༠ རེ་ བྱིན་ཡི་ཟེར་ཨིནམ་ད་ དེ་ཡང་ སྡེ་ཚན་ནང་རྩེད་འགྲན་འབད་མི་ སློབ་ཕྲུག་ཚུ་ཨིནམ་ལས་ ཁོང་ལུ་ རྒྱབ་སྐྱོར་འབད་མི་མེད་ནི་དེ་གིས་ ཟད་འགྲོ་གཏང་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
རྒྱལ་ཁབ་ནང་ ཕུཊ་སཱལ་གོང་འཕེལ་གཏང་ནིའི་དོན་ལུ་ ཆུང་ཀུ་བསྒང་ལས་ སྦྱོང་བརྡར་བྱིན་དགོཔ་འདུག་ཟེར་ཨིནམ་ད་ དེ་ཡང་ རྩེད་འགྲན་གྱི་གཞི་འགྱམ་ སྒྲིང་སྒྲི་མེདཔ་ལས་ རྐང་རྩེདཔ་རྒས་ཤོས་དང་ རྩེད་འགྲན་འབད་བའི་སྐབས་ ལམ་ལུགས་ཚུ་ ཧ་མ་གོ་བའི་ གདོང་ལེན་བྱུངམ་མས་ཟེར་ཨིནམ་ད་ སང་ཕོད་ལས་ ཨ་ལོ་ཆུང་ཀུའི་འགྲན་བསྡུར་ཡང་ འགོ་བཙུགས་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
ཐིམ་ཕུག་སི་ཊི་གི་ རྐང་རྩེདཔ་ ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ ཕུཊ་སཱལ་དེ་ རྩེད་ཐང་ཆུང་ཀུ་ནང་ རྩེད་འགྲན་འབད་དགོཔ་ལས་ ཕུཊ་བཱོལ་རྩེད་འགྲན་དང་ཕྱདཔ་ད་ ཕར་ཚུར་མངམ་རྒྱུག་དགོ་ནི་དེ་གིས་ གཟུགས་ཁམས་སྒྲིང་སྒྲི་བཞག་ནི་དང ལུས་སྦྱོང་གི་ ཕན་ཐོགས་འདུག་ཟེར་ཨིན་པས།
ད་རེས་ནངས་པར་ གནམ་དགུན་གྱི་ ངལ་གསོ་སྐབས་ ན་གཞོན་ཚུ་ དུས་ཚོད་འཕྲོ་རླགས་མ་བཏང་པར་ ལས་རིམ་ནང་ གྲལ་གཏོགས་འབད་བཅུག་ཐབས་ལུ་ ཨིན་མས་ཟེར་ཨིན་པས།
ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ རྩེད་འགྲན་དེ་ནང་ རྐང་རྩེདཔ་བཞི་ལས་ མེད་ནི་དེ་གིས་ རང་གི་རིག་རྩལ་ཚུ་ ཕུཊ་བཱོལ་རྩེད་འགྲན་བ་ལྷགཔ་སྦེ་ སྟོན་ཚུགས་པས་ཟེར་ཨིན་པས།
ཀུན་འབྱུང་ཨེཕ་སི་གིས་ ཕུཊ་སཱལ་གྱི་ རྩེད་འགྲན་ཁག་མ་འདྲཝ་ཚུ་ནང་ལས་ རྒྱལ་རྟགས་དང རྒྱལ་ཁ་ཐེངས་༢༤ ཐོབ་ཡོདཔ་ད་ རྒྱལ་ཡོངས་ཕུཊ་སཱལ་ལིག་གི་ མཐའ་བཅད་འགྲན་བསྡུར་ནང་ ཐེངས་༣ རྩེད་འགྲན་འབད་ཡོད་མི་ལས་ ཨང་དང་པ་ཚར་༡ དང་ ཨང་༢ པ་ཚར་༢ ཐོན་ཡོདཔ་ཨིན་པས།
ཤེས་རབ་རྒྱ་མཚོ་གིས་ སླབ་མིའི་ནང་ ད་ལྟོ་ རྩེད་འགྲན་པ་མང་ཤོས་ རྐང་རྩེད་ཕུཊ་བཱོལ་ནང་ རྩེད་འགྲན་འབད་མི་ཚུ་ཨིནམ་ལས་ རྩེད་འགྲན་༢ ཀྱི་བར་ན་ ལམ་ལུགས་ཚུ་ ཁྱད་པར་ཡོད་མི་ལུ་བརྟེན་ རྩེད་འགྲན་འབད་མི་ཚུ་ དུམ་གྲ་ཅིག་ མགོ་འཐོམ་བྱུངམ་མས་ཟེར་ཨིན་པས།
རྒྱལ་ཁ་ཐོབ་མི་ ཐིམ་ཕུག་སི་ཊི་ཨེཕ་སི་ལུ་ རྒྱལ་རྟགས་དང་གཅིག་ཁར་ དངུལ་ཀྲམ་༥༠,༠༠༠ དང་ རྐང་རྩེདཔ་ཚུ་ལུ་ རྟགས་མ་རེ་དང་ ཨང་༢ པ་ལུ་ རྒྱལ་རྟགས་དང་གཅིག་ཁར་ དངུལ་ཀྲམ་༣༠,༠༠༠ དང་ རྟགས་མ་རེ་ བྱིན་ཡོདཔ་མ་ཚད་ ངོ་རྐྱང་དྲག་ཤོས་ཀྱི་ གསོལ་རས་ཚུ་ཡང་ བྱིན་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *