རྒྱལ་ཡོངས་ནང་པའི་སྨན་ཁང་  སྤོ་བཤུད་འབད་ནིའི་ འོས་འབབ་བལྟ་དོ་ཡོདཔ།

༉ ཐིམ་ཕུག་ཀ་ཝང་བྱང་ས་ རྒྱལ་ཡོངས་ནང་པའི་སྨན་ཁང་དེ་ འཇིག་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ས་ཁོངས་ནང་ སྤོ་བཤུད་འབད་ནི་གི་ འཆར་གཞི་ཡོད་མི་དེ་ ས་ཁོངས་གཅིག་ལས་ ཞབས་ཏོག་ཆ་ཚང་བྱིན་ཐབས་ལུ་ཨིན་ཟེར་ གསོ་བ་བློན་པོ་ བདེ་ཆེན་དབང་མོ་གིས་ ཞུ་ཡི།

དེ་ཡང་ ཁ་ཙ་ ཆུ་སྨད་-ཨུ་ར་འདེམས་ཁོངས་ཀྱི་འཐུས་མི་ ཀརྨ་དབང་ཕྱུག་གིས་  རྒྱལ་ཡོངས་ནང་པའི་སྨན་ཁང་    སྤོ་བཤུད་དགོ་པའི་ གནད་དོན་ག་ཅི་ཨིན་ན་ རྒྱབ་ཁུངས་དང་བཅས་ ཚོགས་ཁང་ནང་ ཞུ་དགོཔ་སྦེ་ཞུ་ཡི།

འཐུས་མི་གིས་ ཀ་ཝང་བྱང་ས་ལས་ མི་མང་ལུ་ ཞབས་ཏོག་མཁོ་སྤྲོད་འབད་ནི་ལུ་ སྟབས་བདེ་ཏོག་ཏོ་ཡོད་པའི་ དུས་ཚོད་དང་ ནད་ཡམས་ལུ་བརྟེན་ གཞུང་ལུ་ མ་དངུལ་མ་ལང་པའི་སྐབས་ལུ་ ག་ཅི་སྦེ་ སྤོ་བཤུད་འབད་དགོཔ་ཨིན་ན་ཟེར་ཞུ་ཡི།

གསོ་བ་བློན་པོ་གིས་ ནང་པའི་སྨན་ཁང་སྤོ་ནི་མ་གཏོགས་ ཞབས་ཏོག་སྤྲོད་ནི་ལུ་ ཐོ་མི་ཕོག་ཟེར་ ཞུ་བའི་ཁར་ སྨན་ཁང་སྤོ་ནི་མི་སྤོ་ནི་ བརྟག་ཞིབ་འབད་བའི་བསྒང་ཡོད་ཟེར་ ཞུ་ཡི།

ས་གནས་གཅིག་ལས་ ཞབས་ཏོག་ག་ར་སྤྲོད་ནིའི་དོན་ལུ་ སྨན་ཁང་གཞི་བཙུགས་ཀྱི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༥ ལྷགཔ་ཅིག་གནས་པའི་ ལས་འགུལ་ཅིག་ འོང་དོ་ཡོད་མི་དེ་ཡང་ རྒྱལ་རབས་ནང་ཚུད་པའི་ ལས་འགུལ་ཅིག་ཨིན་ཟེར་ བློན་པོ་གིས་ཞུ་ཡི།

མི་མང་ལུ་ ཕྱི་པ་དང་ ནང་པའི་སྨན་ཁང་གི་ ཞབས་ཏོག་༢ མཉམ་འབྲེལ་ཐོག་ལས་ སྤྲོད་དགོ་པའི་སྐོར་ལས་    རྩ་ཁྲིམས་ཆེན་མོའི་ནང་ འཁོད་དེ་ཡོདཔ་ཨིན་པས།

ནང་པའི་སྨན་ཁང་ སྤོ་བཤུད་འབད་དགོ་མི་དེ་ གཞུང་གི་ཁེ་ཕན་ལུ་ བལྟ་སྟེ་མེན་པར་ ཞབས་ཏོག་ག་ར་ ས་གནས་གཅིག་ལས་ འཐོབ་ཚུགསཔ་བཟོ་བ་ཅིན་ མི་སེར་ཚུ་ལུ་ ཁེ་ཕན་འབྱུང་ཐབས་ལུ་ཨིན་ཟེར་ བློན་པོ་བདེ་ཆེན་དབང་མོ་གིས་ ཚོགས་ཁང་ནང་ ཞུ་ཡི།

མོ་གིས་འབད་བ་ཅིན་ ད་རེས་ ཀ་ཝང་བྱང་ས་ རྒྱལ་ཡོངས་ནང་པའི་སྨན་ཁང་གི་ ས་ཁོངས་ནང་ སྣུམ་འཁོར་བཞག་ས་མེད་པའི་ དཀའ་ངལ་ཡོད་ཟེར་ཨིནམ་ད་ གལ་སྲིད་ ཕྱི་ཁ་ར་བཞག་པ་ཅིན་ མ་འོངས་པ་ལུ་ ནང་པའི་གསོ་བ་རིག་པ་ བྱང་ནི་ཉེན་ཁ་འདུག་ཟེར་ཞུ་ཡི།

གསོ་བའི་ཞབས་ཏོག་ཚུ་ ས་གནས་གཅིག་ལས་བྱིནམ་ད་ མི་མང་གིས་འབད་རུང་ ནང་པའི་སྨན་དང་འབྲེལ་བའི་ ཞབས་ཏོག་གི་སྐོར་ལས་ ཤེས་ཚུགས་ནི་དང་ མི་སེར་ལུ་ ས་གནས་གཅིག་ལས་ ཞབས་ཏོག་ཆ་ཚང་ ཕུལ་ཚུགས་ནི་མས་ཟེར་ཞུ་ཡི།

རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ ལོ་བསྟར་བཞིན་དུ་ ནདཔ་འབུམ་༦ ལྷགཔ་ཅིག་ འོང་དོ་ཡོདཔ་ད་ རྒྱལ་ཡོངས་ནང་པའི་སྨན་ཁང་འབད་བ་ཅིན་ ནདཔ་འབུམ་༡ མ་ལངམ་ཅིག་ འོང་དོ་ཡོདཔ་ཨིན་པས།

ཕྱི་སྨན་གྱི་ཞབས་ཏོག་ གོམ་པ་མདུན་དུ་སྤོ་སྟེ་འགྱོཝ་ད་ ནང་པའི་གསོ་བའི་རིག་པ་དེ་ མི་བྱང་ག་ཟེར་བའི་ ཚ་གྱང་ཡོད་ཟེར་ གསོ་བ་བློན་པོ་གིས་ ཞུ་བའི་ཁར་ ས་ཁོངས་གཅིག་ལས་ ཕྱི་ནང་གི་ཞབས་ཏོག་ཕུལ་ཚུགས་པ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ཞུ་ཡི།

ཞབས་ཏོག་ཕུལ་མི་ ཕྱི་ནང་གི་ དྲུང་འཚོ་ཚུ་ ལཱ་ག་ཅིག་འབད་རུང་ གཅིག་ཁར་འབད་ནིའི་ ཁེ་ཕན་ཡོདཔ་མ་ཚད་ ཐོབ་ལམ་འབད་རུང་ གཅིག་མཚུངས་སྦེ་ ཕུལ་ནི་གི་ དམིག་གཏད་བསྐྱེད་དོ་ཟེར་ བློན་པོ་གིས་ ཞུ་ཡི།

རྒྱལ་ཡོངས་ནང་པའི་སྨན་ཁང་དེ་ སྤྱི་ལོ་༡༩༦༧ ལུ་ མི་དབང་ཞིང་གཤེགས་དམ་པ་ འཇིག་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ གཞི་བཙུགས་གནང་ཡོདཔ་ད་ སྤྱི་ལོ་༡༩༧༨ ལུ་ དྲུང་འཚོ་སློབ་སྦྱོང་གི་ སྦྱོང་བརྡར་འགོ་བཙུགས་ཞིནམ་ལས་ཚུར་ དྲུང་འཚོ་དང་ སྨན་པ་ ཞིབ་འཚོལ་པ་ དེ་ལས་ ལས་བྱེདཔ་ཚུ་གིས་ ནང་པའི་སྨན་གྱི་ ཞབས་ཏོག་དར་ཁྱབ་བཏང་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *