༉ སྤྱི་ཟླ་༡༢ པའི་ཚེས་༡༧ ལུ་ རྒྱལ་ཡོངས་དུས་ཆེན་ཐེངས༡༡༡ པ་ བརྩི་སྲུང་ཞུ་ནིའི་དོན་ལུ་ བསམ་རྩེ་གི་ མི་སེར་ཚུ་ སྤྲོ་བ་དང་བཅས་པའི་སྒོ་ལས་ སག་ལང་སྟེ་ཡོདཔ་ཨིན་པས།
སྤྱི་ཟླ་༡༢ པའི་ཚེས་༡༢ ལུ་ བསམ་རྩེ་རྫོང་གི་ འོག་ལུ་ ད་རེས་ གྱིབ་གདན་གསརཔ་མཐིང་མིའི་ རྩེད་ཐང་ནང་སྦེ་ ཆིབས་གྲལ་ལས་འགོ་བཙུགས་ ཉིནམ་གཅིག་གི་ སྤྲོ་སྟོན་ལས་རིམ་ཚུ་ག་ར་ སྔོན་འགྲོ་སྟ་གོན་གྱི་ སྦྱང་བ་འབད་བའི་སྐབས་ ལྟདམོ་བལྟ་ནིའི་དོན་ལུ་ མི་ལེ་ཤ་ཅིག་ དྲོ་པ་ལས་ ཕྱི་རུ་ཚུན་ སྤུངས་འཛོམས་འབད་དེ་ སྡོད་ཡོདཔ་ཨིན་པས།
སྐྱེས་ལོ་༡༦ ལང་མི་ བསམ་རྩེ་འབྲིང་རིམ་སློབ་གྲྭ་གོང་མིའི་ སློབ་རིམ་༩ པའི་སློབ་ཕྲུག་ ཨིན་དཱ་ར་ དཱ་ཧལ་དེ་ སྤྲོ་བ་སྦོམ་བསྐྱེད་དེ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ རྒྱལ་ཡོངས་དུས་ཆེན་དེ་ རྩ་ཆེ་བའི་ཉིནམ་ཅིག་ཨིན་པའི་ཁར་ དུས་ཅི་ རྒྱལ་ཡོངས་དུས་ཆེན་གྱི་སྐབས་ རྒྱལ་སྲས་མཇལ་ཚུགས་ནི་མས་ཟེར་ སེམས་དགའ་སྟེ་ཡོདཔ་ཨིན་པས།
མོ་གིས་འབད་བ་ཅིན་ རྒྱལ་ཡོངས་དུས་ཆེན་ཐེངས་༡༡༡ པ་ བརྩི་སྲུང་ཞུ་ནི་དེ་ རྒྱལ་ཁབ་ཀྱི་ སྲོག་ཤིང་དང་ སྙིང་དོན་བཟུམ་ཅིག་ ཨིན་ཟེར་བཤདཔ་ཨིན་པས།
སྤྱི་ཟླ་༡༢ པའི་ཚེས་༡༧ གྱི་དོན་ལུ་ གསང་སྔགས་ཆོས་གླིང་རྒེད་འོག་ལས་ སྐྱེས་ལོ་༥༦ ལང་མི་ ས་བི་ཏི་རི་པར་དཱན་དེ་ སྟ་གོན་ལས་རིམ་ བལྟ་ནིའི་དོན་ལུ་ སྤྲོ་བ་དང་བཅས་པའི་ སྒོ་ལས་ཡོདཔ་ད་ མོ་གིས་སླབ་མིའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ འགོ་དང་པ་ མཇལ་ནིའི་གོ་སྐབས་ འཐོབ་ནི་ཨིན་མས་ཟེར་ཨིན་པས།
བསམ་རྩེ་རྫོང་ཁག་བདག་སྐྱོང་གིས་ འབད་བ་ཅིན་ རྒྱལ་ཡོངས་དུས་ཆེན་བརྩི་སྲུང་ཞུ་སར་ མི་སེར་༢༠,༠༠༠ དེ་ཅིག་གིས་ བཅའ་མར་གཏོགས་ནིའི་རེ་བ་ཡོདཔ་ད་ འགོ་དཔོན་ཚུ་གིས་ འབད་བ་ཅིན་ འདི་ལས་ལྷག་སྟེ་ཡང་ འཛོམས་འོང་ཟེར་ཨིན་པས།
བསམ་རྩེ་ཁྲི་འཛིན་ ཉི་མ་གིས་ འབད་བ་ཅིན་ རྒེད་འོག་༡༥ གི་ མི་སེར་ཚུ་ དུས་སྟོན་བརྩི་སྲུང་ནང་ འོང་ནིའི་དོན་ལུ་ དགའ་སྤྲོ་ཚད་མེད་བྱུང་སྟེ་ཡོདཔ་ལས་ རྒྱལ་ཡོངས་དུས་ཆེན་གྱི་ཉིན་མར་ རྩེད་ཐང་ནང་ མི་ཚད་ལས་བརྒལ་ འོང་ནི་བཟུམ་ཅིག་ཡོད་ཟེར་ཨིན་པས།
ཁོ་གིས་ འབད་བ་ཅིན་ རྒྱལ་ཡོངས་དུས་ཆེན་ཐེངས་༡༡༡ པ་ བརྩི་སྲུང་ཞུ་ནི་ལུ་ མི་སེར་ཚུ་ སྤྲོ་བ་དང་ དང་འདོད་བསྐྱེད་དེ་ སྒུག་ཡོདཔ་ད་ ཉིནམ་དེ་ བསམ་རྩེ་རྫོང་ཁག་གི་དོན་ལུ་ གོ་སྐབས་ལེགས་ཤོམ་ཅིག་ཨིན་ཟེར་ཨིན་པས།
རྫོང་ཁག་བདག་སྐྱོང་གིས་ རྒྱལ་ཡོངས་དུས་ཆེན་གྱི་ཉིནམ་ལུ་ ལྟདམོ་བལྟ་བར་འོང་མི་ཚུ་ལུ་ མི་མང་སྐྱེལ་འདྲེན་ཞབས་ཏོག་དང་ ལྟོ་ཁ་ཚུ་ བྱིན་ནི་ཨིནམ་ད་ ཚོང་འབྲེལ་པ་ དུར་བ་རའི་གུ་རུང་གིས་ འབད་བ་ཅིན་ རྒྱལ་ཡོངས་དུས་ཆེན་གྱི་ཉིནམ་དེ་ འབྲུག་པའི་མི་སེར་ཚུ་ལུ་ དུས་སྐབས་ལེགས་ཤོམཅིག་ཨིན་པའི་ཁར་ མི་དབང་རིམ་བྱོན་ཚུ་ལུ་ བཀའ་དྲིན་དགའ་ཚོར་ བསམ་ནི་གི་ཉིནམ་ རྩ་ཅན་ཅིག་ཨིན་ཟེར་ཨིན་པས།
འབྲུག་མི་ག་ར་ གཅིག་མཐུན་གྱི་སྒོ་ལས་ རྩ་བ་གསུམ་ལུ་ ཐ་དམ་ཚིག་དང་ དད་དམ་ལྷད་མེད་ཀྱི་སྒོ་ལས ཁས་བླངས་དམ་བཅའ་ ཕུལ་ནིའི་ཉིནམ་ཨིན་པའི་ཁར་ དུས་ཆེན་དེ་ ཡབ་མེས་སྲས་གསུམ་ཞུ་ཐོག་ལས་ བརྩི་སྲུང་ཞུ་ནི་ཨིནམ་ལས་ ཁྱད་དུ་འཕགས་པའི་ ཉིནམ་ཅིག་ཨིན་ཟེར་ཨིན་པས།
སྤྱི་ཟླ་༡༢ པའི་ ཚེས་༡༢ ལུ་ འགོ་འདྲེན་འཐབ་མིའི་ སྟ་གོན་ལས་རིམ་དེ་ འགོ་དང་པ་ཨིནམ་ད་ མཐའ་བཅད་དེ་ ཁ་ཙ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
རྒྱལ་ཡོངས་དུས་ཆེན་ཐེངས་༡༡༡ པ་ དང་འབྲེལ་ དུས་ཅི་འབདཝ་ད་ བསམ་རྩེ་ལུ་ རྒྱལ་ཡོངས་དུས་ཆེན་ ཐེངས་༤ བརྩི་སྲུང་ཞུ་ནི་ཨིནམ་ད་ བརྩི་སྲུང་ཐེངས་དང་པ་དེ་ སྤྱི་ལོ་༡༩༨༡ ཐེངས་༢ པ་ སྤྱི་ལོ་༡༩༩༡ ཐེངས་༣ པ་དེ་ སྤྱི་ལོ་༢༠༠༢ ལུ་ བརྩི་སྲུང་ཞུ་ཡོདཔ་ཨིན་པས།
སྤྱི་ཟླ་༡༢ པའི་ཚེས་༡༧ ལུ་ བསམ་རྩེ་གི་ མི་སེར་ཚུ་གིས་ རང་སོའི་ལམ་སྲོལ་ མ་འདྲཝ་ཚུ་གི་ཐོག་ལས་ ཞབས་ཁྲའི་ལས་རིམ་ སྣ་ཚོགས་སྤྱན་འབུལ་ཕུལ་ནི་ཨིནམ་ད་ བསམ་རྩེ་མཐོ་རིམ་སློབ་གྲྭ་དང་ གོམ་ཀྲུ་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་ཕྲུག་ཚུ་གིས་ཡང་ ཉིནམ་དེ་ཁར་ བཅའ་མར་གཏོགས་ནི་ཨིན་པས།
སྤྱི་ཟླ་༡༢ པའི་ཚེས་༡༠ ལུ་ བསམ་རྩེ་ལུ་ རྒྱལ་ཡོངས་དུས་ཆེན་ཐེངས་༡༡༡ པ་ བརྩི་སྲུང་ཞུ་ནིའི་དོན་ལུ་ བསམ་རྩེ་རྫོང་ཁག་བདག་སྐྱོང་གིས་ མི་མང་སྤྲོ་སྟོན་དང་ ཨ་ལོའི་རྩེད་སྟོན་གྱི་ མེ་ལ་འགོ་འདྲེན་འཐབ་ཡོད་མིའི་ནང་ མི་ལེ་ཤ་ཅིག་ སྤུང་འཛོམས་འབད་ཡོདཔ་ད་ རྩེད་སྟོན་མེ་ལ་དེ་ སྤྱི་ཟླ་༡༢ པའི་ཚེས་༡༢ ལུ་ མཇུག་བསྡུ་ཡོད་པའི་གནས་ཚུལ།
རྣམ་རྒྱལ་དབང་མོ་དང་ ར་ཇེཤ་རའི།