རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་འཚོ་རྟེན་མ་དངུལ་ནང་ འཐུས་མི་འཛུལ་ཞུགས་འབད་མི་ལས་ལྷག་སྟེ་ ཐོན་འགྱོ་དོ་ཡོདཔ།

༉ འདས་པའི་ལོ་ཚུ་ནང་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་ འཚོ་རྟེན་མ་དངུལ་ནང་ འཐུས་མི་གསརཔ་ འཛུལ་ཞུགས་འབད་མི་ལས་ལྷག་སྟེ་ འཐུས་མི་ཚུ་གིས་ དགོངས་ཞུ་འབད་དོ་ཡོདཔ་ལས་ དགོངས་ཞུའི་ཟུར་ཕོགས་དང་ འཚོ་རྟེན་མ་དངུལ་གྱི་ དགོངས་ཞུའི་ཐོབ་ལམ་ཡུན་བརྟན་གྱི་ དྲི་བཀོད་འབད་དོ་ཡོདཔ་ཨིན་པས།

རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་འཚོ་རྟེན་མ་དངུལ་དེ་ ཞི་གཡོགཔ་དང་ ལས་འཛིན་ཚུ་ནང་ ལཱ་འབད་མི་དང་ དྲག་པོའི་དམག་སྡེ་ཚུ་ནང་ ལཱ་འབད་མི་ཚུ་ དགོངས་ཞུ་འབད་བའི་ཤུལ་ལས་ འོང་འབབ་ཀྱི་ ཉེན་སྲུང་སྤྲོད་ཐབས་ལུ་ སྤྱི་ལོ་༢༠༠༢ ལུ་ དགོངས་ཞུའི་གསོག་འཇོག་ཐབས་ལམ་ཅིག་སྦེ་ གཞི་བཙུགས་འབད་ཡོདཔ་ཨིན་པས།

རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་ འཚོ་རྟེན་མ་དངུལ་གྱི་ སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༢༡ ཟླ་༦ པའི་ཚེས་༣༠ ལས་ དུས་ཅི་ སྤྱི་ཟླ་༦ པའི་ཚེས་༣༠ ཚུན་ འཐུས་མི་༢,༡༦༨ དེ་ཅིག་གིས་ ཐོན་སོང་ཡོདཔ་ད་ དེ་བསྒང་ འཐུས་མི་༡,༦༥༢ དེ་ཅིག་ གསརཔ་འཛུལ་ཞུགས་འབད་ཡོདཔ་བཞིན་དུ་ སྒེར་གྱི་འཐུས་མི་༡,༡༢༩ དེ་ཅིག་ འཛུལ་ཞུགས་མ་འབད་བ་ཅིན་ ཞི་གཡོགཔ་དང་ དྲག་པོའི་དམག་སྡེ་ལས་ འཐུས་མི་༥༢༣ རྐྱངམ་གཅིག་ཨིན་པས།

སྤྱི་ལོ་༢༠༢༠ ཟླ་༦ པའི་ཚེས་༣༠ ལས་ སྤྱི་ལོ་༢༠༢༡ ཟླ་༦ པའི་ཚེས་༣༠ འི་བར་ན་ འཐུས་མི་༡,༧༠༨ དེ་ཅིག་གིས་ ཐོན་སོང་ཡོདཔ་ད་ འཐུས་མི་༤༧༦ དེ་ཅིག་རྐྱངམ་གཅིག་ འཛུལ་ཞུགས་འབད་ཡོདཔ་ད་ མ་འོངས་པར་ འཐུས་མི་གཞོནམ་ཚུ་གིས་ ཨཱསི་ཊེ་ལི་ཡ་ལུ་འགྱོ་ནིའི་ རེ་བ་དང་གཅིག་ཁར་ དགོངས་ཞུའི་ཟུར་ཕོགས་ལུ་ ལྷན་འདེབས་འབད་མི་ འཐུས་མི་ཚུ་ཡང་ མར་འབབ་འགྱོ་ནི་ཨིན་པས།

རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་ འཚོ་རྟེན་མ་དངུལ་གྱི་གཙོ་འཛིན་ ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ ཞི་གཡོགཔ་ཚུ་གི་ དགོངས་ཞུའི་ཐོབ་ལམ་དེ་ ད་ལྟོའི་ ཐབས་ལམ་དང་གཅིག་ཁར་ སྤྱི་ལོ་༢༠༦༠ ཚུན་ ཡུན་བརྟན་གནས་འོང་ཟེར་ཨིནམ་ད་ ཨིན་རུང་ དེ་གི་ཤུལ་ལས་ ལྷན་འདེབས་འབད་མི་ལས་ལྷག་སྟེ་ དགོངས་ཞུ་འབད་མི་ འཐོན་ནི་ཨིནམ་ལས་ གྱོང་རྒུད་ཕོག་འོང་ཟེར་ཨིན་པས།

དེ་བཟུམ་སྦེ་ དྲག་པོའི་དམག་སྡེ་གི་ དགོངས་ཞུའི་ལོ་ཚད་དེ་ ཉུང་སུ་ཡོདཔ་ལས་ དགོངས་ཞུའི་ཐོབ་ལམ་དེ་ སྤྱི་ལོ་༢༠༤༣ དེ་ཅིག་ཚུན་ ཡུན་བརྟན་ཡོད་རུང་ དྲག་པོའི་དམག་སྡེ་གི་ དགོངས་ཞུའི་ལོ་ཚད་དེ་ཡང་ གོ་ས་དང་འཁྲིལ་ཏེ་ ཞི་གཡོགཔ་ཚུ་བཟུམ་སྦེ་ བསྐྱར་བཟོ་འབད་ཡི་ཟེར་ ཚེ་རིང་རྡོ་རྗེ་གིས་ བཤདཔ་ཨིན་པས།

ད་ལྟོ་ གཞུང་གི་བརྒྱ་ཆ་༡༥ དང་གཅིག་ཁར་ ཞི་གཡོགཔ་ཚུ་གིས་ བརྒྱ་ཆ་༡༡ འབདཝ་ད་ བསྡོམས་བརྒྱ་ཆ་༢༦ སྤྲོད་དོ་ཡོདཔ་ད་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་ འཚོ་རྟེན་མ་དངུལ་གྱིས་ བརྒྱ་ཆ་༡༦ དགོངས་ཞུ་དང་ བརྒྱ་ཆ་༡༠ འཚོ་རྟེན་མ་དངུལ་ནང་ འབག་དོ་ཡོདཔ་ཨིན་པས།

ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ གནས་སྡུད་དང་འཁྲིལཝ་ད་ ལོ་ངོ་༢༠ མ་ལང་མི་ཚུ་གིས་ ཕྱིར་ཐོན་འབད་འགྱོ་དོ་ཡོདཔ་བཞིན་དུ་ དེ་གིས་ གནས་སྐབས་ཅིག་ལུ་ ཕན་ཐོགས་ཡོད་རུང་ ཡུན་རིང་ལུ་ ཁེ་ཕན་མེད་ཟེར་ཨིནམ་ད་ འདས་པའི་ལོ་ཚུ་ནང་ འཐུས་མི་གསརཔ་འཛུལ་ཞུགས་འབད་མི་ལས་ ཕྱིར་ཐོན་འབད་མི་དེ་ མང་དོ་ཡོད་རུང་ འཛིན་སྐྱོང་འཐབ་ཚུགས་པས་ཟེར་ཨིན་པས།

རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་ འཚོ་རྟེན་མ་དངུལ་གྱི་ སྙན་ཞུ་དང་འཁྲིལཝ་ད་ དུས་ཅི་ སྤྱི་ཟླ་༦ པའི་ཚེས་༣༠ ཚུན་ སྒེར་གྱི་འཐུས་མི་༡,༡༢༩ དེ་ཅིག་བརྩིས་ཏེ་ འཐུས་མི་༦༧,༥༤༢ དེ་ཅིག་ཡོདཔ་བཞིན་དུ་ འཐུས་མི་ཚུ་གིས་ དངུལ་ཀྲམ་ཐེར་འབུམ་༤.༢༣ དེ་ཅིག་ ལྷན་འདེབས་འབད་དོ་ཡོདཔ་ཨིན་པས།

དགོངས་ཞུའི་ཐོབ་ལམ་ཐོབ་མི་༨,༨༢༡ ལུ་ ཡར་སེང་སོང་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༢༡ ཟླ་༦ པའི་ཚེས་༣༠ དང་ དུས་ཅི་ སྤྱི་ཟླ་༦ པའི་ཚེས་༣༠ འི་བར་ན་ དགོངས་ཞུའི་ཐོབ་ལམ་ དངུལ་ཀྲམ་ས་ཡ་༨༢༨.༤༨ དེ་ཅིག་ སྤྲོད་ཡོདཔ་བཞིན་དུ་ དུས་ཅི་ སྤྱི་ཟླ་༦ པའི་ནང་རྐྱངམ་གཅིག་ དགོངས་ཞུའི་ཐོབ་ལམ་ དངུལ་ཀྲམ་ས་ཡ་༧༤.༡༩ དེ་ཅིག་ སྤྲོད་ཡོདཔ་ཨིན་པས།

སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༢༡ ཚུན་ ལས་སྡེ་གི་ ད་ལྟོ་སྤྲོད་ནི་ཡོད་མི་དེ་ དངུལ་ཀྲམ་ཐེར་འབུམ་༦༨.༨༢ དེ་ཅིག་ཨིནམ་ད་ སྤྱི་ལོ་༢༠༡༩ དང་ཕྱདཔ་ད་ དངུལ་ཀྲམ་ཐེར་འབུམ་༡༤.༡༣ དེ་ཅིག་ ཡར་འཕར་སོང་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༩ ལུ་ རྩིས་ཆད་དངུལ་ཀྲམ་ཐེར་འབུམ་༢༨.༥༧ དེ་ སྤྱི་ལོ་༢༠༢༡ ཟླ་༦ པ་ཚུན་ དངུལ་ཀྲམ་ཐེར་འབུམ་༣༦.༣༦ ལུ་ ཡར་འཕར་སོང་ཡོདཔ་ཨིན་པས།

ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ རྩིས་ཆད་ཡོད་མི་དེ་ ཧེ་མ་འབད་བ་ཅིན་ འཐུས་མི་ཚུ་གི་ ལྷན་འདེབས་ཉུང་སུ་ཨིནམ་བཞིན་དུ་ དགོངས་ཞུ་འབད་བའི་སྐབས་ དགོངས་ཞུའི་ཐོབ་ལམ་ཚུ་ ད་ལྟོའི་དངུལ་ཕོགས་ལུ་ གཞི་བཞག་སྟེ་ རྩིས་བཏོན་དོ་ཡོད་མི་ལུ་བརྟེན་ཨིན་རུང་ ད་ལྟོའི་ཐབས་ལམ་དེ་ དུས་ཚོད་དང་གཅིག་ཁར་ སོར་སྒྱུར་དང་ བསྐྱར་ཞིབ་འབད་དགོ་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ དྲག་པོའི་དམག་སྡེའི་ དགོངས་ཞུའི་ལོ་ཚད་ཡར་སེང་འབད་མི་དེ་གིས་ ད་ལྟོ་སྤྲོད་དགོཔ་ཡོད་མི་དེ་ ཡར་ཕབ་འབད་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་བཞིན་དུ་ ནད་ཡམས་མེད་པ་ཅིན་ མི་མང་ཤོས་ཅིག་གིས་ ཐོན་འགྱོ་འགྱོཝ་འོང་ནི་ཨིནམ་ད་ འཐོན་འགྱོ་ནི་དེ་ བཀག་མི་ཚུགས་ཟེར་ཨིན་པས།

གནས་སྡུད་ནང་ གསལ་སྟོན་འབད་མིའི་ནང་ སྤྱི་ལོ་༢༠༢༠ དང་༢༠༢༡ ལུ་ ལོ་༡༠ ལས་༡༥ ཚུན་ ལྷན་འདེབས་འབད་མི་ འཐུས་མི་༡༩༦ གིས་ ཕྱིར་ཐོན་འབད་མི་དེ་ སྤྱི་ལོ་༢༠༢༡ དང་༢༠༢༢ ལུ་ འཐུས་མི་༣༠༢ ལུ་ ཡར་འཕར་སོང་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༢༡ དང་༢༠༢༢ ལུ་ ལོ་༡༥ དང་༡༩ འི་བར་ན་འབད་མི་༡༢༥ གིས་ ཕྱིར་ཐོན་འབད་ཡོདཔ་ད་ སྤྱི་ལོ་༢༠༢༠ དང་༢༠༢༡ ལུ་ འཐུས་མི་༦༧ གྱིས་ ཕྱིར་ཐོན་འབད་ཡོདཔ་ཨིན་པས།

ལས་སྡེའི་ སྤྱི་ལོ་༢༠༢༠ དང་༢༠༢༡ གི་ སྙན་ཞུ་དང་འཁྲིལཝ་ད་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་ འཚོ་རྟེན་མ་དངུལ་ལུ་ ཐབས་རིག་མཁས་མཆོག་མེདཔ་ལས་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་བཀོད་ཚོགས་དང་ དངུལ་རྩིས་ལྷན་ཁག་གིས་ ཐོབ་ལམ་ལེགས་སྒྱུར་འབད་ནིའི་དོན་ལུ་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་ལས་ རྒྱབ་སྐྱོར་ལེན་ཡོདཔ་བཞིན་དུ་ ད་ལྟོ་ ལེགས་བསྒྱུར་གྱི་གྲོས་བསྟུན་ཚུ་ འབད་བའི་བསྒང་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *