༉ སྲིད་བྱུས་དང་འཆར་གཞི་ དེ་ལས་ ལས་སྡེ་ཁག་གི་ལས་རིམ་ག་ར་ མཉམ་བསྡེབ་འབད་ནིའི་དོན་ལུ་ ཞབས་ཏོག་ལྷན་ཁག་གིས་ ད་རེས་ནངས་པར་ རྒྱལ་ཡོངས་གོང་འཕེལ་ཡོངས་རྫོགས་འཆར་གཞི་ཅིག་ བཟོ་བའི་བསྒང་འདུག།
འཆར་གཞི་དེ་ཡང་ ད་རེས་ རྒྱལ་ཁབ་ནང་ གྲོང་གསེབ་ལས་ ཁྲོམ་ཁར་ གནས་སྤོ་འོང་མི་དང་ ལུང་ཕྱོགས་འདྲ་མཉམ་སྦེ་ གོང་འཕེལ་གཏང་ནིའི་གནད་དོན་ཚུ་ སེལ་ཐབས་འབད་ནི་ལུ་ དམིགས་ཏེ་ཨིན་པས།
ཁྲོམ་སྡེའི་འཆར་གཞི་འགོ་དཔོན་གཙོ་འཛིན་ ཕྱག་རྡོར་འབྲུག་པ་གིས་ སླབ་མིའི་ནང་ གནད་དོན་ཚུ་ཡང་ རྒྱལ་ཡོངས་ས་གོ་གོང་འཕེལ་འཆར་གཞི་དང་ རྒྱལ་ཡོངས་ས་ཆ་ལག་ལེན་འཆར་གཞི་ དེ་ལས་ དང་ལེན་འཆར་གཞི་ཐོག་ལས་ སེལ་ཐབས་འབད་ཚུགས་ཟེར་ཨིན་པས།
སྤྱི་ལོ་༢༠༣༠ གི་འཆར་གཞི་དེ་ཡང་ ཇའི་ཀ་གིས་ མ་དངུལ་དང་ མཁས་མཆོག་གི་ རྒྱབ་སྐྱོར་ཐོག་ལས་ སྤྱི་ལོ་༢༠༡༧ ལས་ འགོ་བཙུགས་ཡོདཔ་བཞིན་དུ་ གལ་སྲིད་ དགོས་མཁོའི་བརྡ་དོན་ཚུ་ དུས་ཚོད་ཁར་ ཐོབ་ཚུགས་པ་ཅིན་ དུས་ཅི་ སྤྱི་ཟླ་༡༢ པའི་ནང་ བཟོ་ཚར་ནི་ཨིན་པས།
ཕྱག་རྡོར་འབྲུག་པ་གིས་འབད་བ་ཅིན་ ལས་འགུལ་དེ་ཡང་ མི་རློབས་དང་ ཁྱིམ་གྱི་གྲངས་རྩིས་ཀྱི་ སྙན་ཞུ་དང་འཁྲིལ་ཏེ་ འབད་དགོཔ་ལས་ གལ་སྲིད་ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱིས་ མི་རློབས་དང་ ཁྱིམ་གྱི་གྲངས་རྩིས་༢༠༡༧ གྱི་ སྙན་ཞུ་དེ་ དུས་ཚོད་ཁར་ བྱིན་མ་ཚུགས་པ་ཅིན་ དུས་ཚོད་ཁར་ མཇུག་བསྡུ་མི་ཚུགསཔ་འོང་ཟེར་ཨིན་པས།
ལས་འགུལ་གྱི་དོན་ལུ་ གོ་རིམ་༣ སྦེ་ བཟོ་སྟེ་ཡོདཔ་བཞིན་དུ་ གོ་རིམ་དང་པའི་ནང་ ད་རེས་ཡོད་མི་ གནས་སྟངས་དབྱེ་དཔྱད་དང་ དཀའ་ངལ་ཚུ་ ངོས་འཛིན་འབད་དེ་ཡོདཔ་ད་ གོ་རིམ་༢ པའི་ནང་ གོང་འཕེལ་གྱི་ འཆར་གཞི་ངོས་ལེན་འབད་དེ་ཡོད་མི་ཚུ་ཡང་ མཇུག་བསྡུ་ཡོད་རུང་ ད་རེས་ གོ་རིམ་༣ པའི་ ལཱ་ཚུ་འབད་བའི་བསྒང་འདུག།
རྒྱལ་ཡོངས་གོང་འཕེལ་ཡོངས་རྫོགས་འཆར་གཞི་སྐོར་ལས་ ཤེས་ཚུགས་ནིའི་དོན་ལུ་ ཁ་ཙ་ ཐིམ་ཕུག་ལུ་སྦེ་ ཇ་པཱན་ ཊོ་ཀི་འོ་གཙུག་ལག་སློབ་སྡེ་གི་གཙོ་འཛིན་ ཌོག་ཊར་ ཏ་ཀ་ཤི་ ཨོ་ནི་ཤི་གིས་ ཁོ་རའི་ རྒྱལ་ཁབ་ཀྱི་ གོང་འཕེལ་གྱི་ ཉམས་མྱོང་བརྗེ་སོར་གྱི་ གྲོས་འཛོམས་ཅིག་ འགོ་འདྲེན་འཐབ་ཅི།
འཆར་གཞིའི་ གྲོས་འཛོམས་འཚོགས་མི་དེ་ཡང་ འགོ་དང་པ་ཨིནམ་ད་ དེ་གིས་ འཆར་གཞི་གི་ གྲོས་འཆར་ཚུ་ བསྐྱར་ཞིབ་འབད་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ནི་ཨིན་པས།
ཌོག་ཊར་ ཏ་ཀ་ཤི་ ཨོ་ནི་ཤི་གིས་ སླབ་མིའི་ནང་ མི་ཚུ་གྲོང་གསེབ་ལས་ ཁྲོམ་ཁར་གནས་སྤོ་ མི་འོང་ནིའི་དོན་ལུ་ གཞུང་གིས་ བཟོ་གྲྭ་འཕྲུལ་ཁང་གི་ སྲིད་བྱུས་ཚུ་ཡང་ བཟོ་དགོཔ་ཁག་ཆེ་ཟེར་ཨིནམ་བཞིན་དུ་ ཁོ་རའི་ རྒྱལ་ཁབ་ནང་འབད་བ་ཅིན་ བཟོ་གྲྭ་འཕྲུལ་ཁང་ཚུ་ཡང་ ཁྲོམ་ནང་མེད་པར་ ས་གནས་གཞན་ཁ་ སྤོ་སོར་འབད་དེ་ཡོད་ཟེར་ཨིན་པས།
དེ་མ་ཚད་ ཁྲོམ་ཁར་ བཟོ་གྲྭ་འཕྲུལ་ཁང་གསརཔ་ གཞི་བཙུགས་འབད་ནི་དང་ མཐུན་རྐྱེན་ཚུ་ ཡར་སེང་མ་བཏང་པར་ མཐའ་ཟུར་གྱི་ ས་གནས་ནང་སྡོད་མི་ཚུ་ལུ་ ཐོབ་དབང་དང་ ཁྲལ་ཕབ་ཆག་ དེ་ལས་ གཞི་རྟེན་མཁོ་ཆས་ཚུ་ ཡར་སེང་འབད་དེ་ བྱིན་དགོ་ཟེར་ཨིན་པས།
ཕྱག་རྡོར་འབྲུག་པ་གིས་འབད་བ་ཅིན་ ད་རེས་ནངས་པར་ རྒྱལ་ཁབ་ནང་ དབུལ་ཕོངས་ཀྱི་ དཀའ་ངལ་ཚུ་ཡང་ མང་ཤོས་ར་ གཡུས་ཁ་ལུ་ མངམ་ཐོན་ཏེ་ཡོད་པའི་ཁར་ མི་ཚུ་ཡང་ ཤར་ཕྱོགས་ལས་ ནུབ་ཕྱོགས་ ཐིམ་ཕུག་དང་ ཕུན་ཚོགས་གླིང་ལུ་ འོང་དོ་ཡོདཔ་ལས་ འཆར་གཞི་དེ་གིས་ གནད་དོན་དེ་ སེལ་ཐབས་འབད་ཚུགས་ཟེར་ཨིན་པས།
དེ་བཟུམ་སྦེ་ ལས་སྡེ་ཁག་ཚུ་གིས་ འཆར་གཞིའི་ལས་སྣ་ཚུ་ གཅིག་སྦེ་ཡོདཔ་ལས་ འཆར་གཞི་དེ་གིས་ ལྷན་ཐབས་འབད་ཚུགས་ནི་ཨིནམ་ད་ ལས་འགུལ་ནང་ འབྲེལ་ཡོད་ལས་སྡེ་ མང་རབས་ཅིག་ འབྲེལ་གཏོགས་འབད་དེ་ཡོདཔ་ཨིན་པས།
ལས་འགུལ་དེ་གིས་ རྒྱལ་ཡོངས་ལུང་ཕྱོགས་མ་རྩ་ཅིག་ བཟོ་ནི་ཨིནམ་བཞིན་དུ་ ལས་འགུལ་དེ་ བཟོ་ཚར་བའི་ཤུལ་ལས་ ཆ་འཇོག་གི་དོན་ལུ་ ལྷན་རྒྱས་གཞུང་ཚོགས་ལུ་ གཏང་ནི་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།