༉ སྤྱིར་བཏང་རྒྱལ་ཁབ་ནང་འཁོད་དང་ ལྷག་པར་དུ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཨ་ལོ་ཟླཝ་མ་ཚང་པར་སྐྱེས་ཡོད་པའི་ སྔོན་རྩིས་བཏོན་ནིའི་དོན་ལུ་ ཞིབ་འཇུག་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ཞིབ་འཇུག་དེ་ཡང་ རྒྱལ་སྤྱི་གསོ་བའི་གྲོས་འཛོམས་ཐེངས་༤ པའི་ ཉིནམ་མཇུག་ལུ་ གེ་གསར་རྒྱལ་པོ་གསོ་བའི་གཙུག་ལག་སློབ་སྡེ་ནང་ལས་ ཌོག་ཊར་ དེ་ནིཤ་པར་དཱན་གྱིས་ གསལ་ཞུ་འབད་ཡི།
དེ་ཡང་ དམིགས་ཡུལ་གཙོ་བོ་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཨ་ལོ་ཟླཝ་མ་ཚང་པར་སྐྱེས་དོ་ཡོད་པའི་ ཐོ་གཏན་འཁེལ་མེད་མི་དེ་ གཏན་འཁེལ་བཟོ་ནི་དང་ དེའི་རྒྱུ་རྐྱེན་ ཧ་གོ་ནིའི་དོན་ལུ་ཨིན་པས།
ཨ་ལོ་ཟླཝ་མ་ཚང་པར་སྐྱེས་མི་ཚུ་ཡང་ བདུན་ཕྲག་༣༧ གྱི་ འོག་རྒྱུ་སྐྱེས་མི་ཚུ་ཨིནམ་ད་ དེ་ནང་ དབྱེ་བ་༤ ཡོད་མི་ཚུ་ཡང་ བདུན་ཕྲག་༢༨ ནང་སྐྱེས་མི་དང་ བདུན་ཕྲག་༢༨ ལས་༣༢ ནང་འཁོད་སྐྱེས་མི་ བདུན་ཕྲག་༣༢ ལས་༣༤ ནང་འཁོད་སྐྱེས་མི་ དེ་ལས་ བདུན་ཕྲག་༣༤ ལས་༣༦ ནང་འཁོད་ སྐྱེས་མི་ཚུ་ཨིན་པས།
དེ་བཟུམ་སྦེ་ ཨ་ལོའི་ལྗིད་ཚད་ མ་མཉམ་མི་ཡང་ གཱ་རམ་༢༥༠༠ འི་ འོག་རྒྱུ་འབད་མི་དང་ དེ་ནང་ཡང་ གཱ་རམ་༡༠༠༠ འོག་རྒྱུ་སྐྱེས་མི་དེ་ ལྗིད་ཚད་གནམ་མེད་ས་མེད་ཉུང་མི་དང་ དེ་ལས་ ལྗིད་ཚད་གཱ་རམ་༡༠༠༠ ལས་༡༤༩༩ འབད་མི་དེ་ ལྗིད་ཚད་ཧ་ལམ་ ཉུང་མི་དང་ ལྗིད་ཚད་གཱ་རམ་༡༥༠༠ ལས་༢༤༩༩ ནང་ཚུད་མི་དེ་ ལྗིད་ཚད་ཉུང་བའི་ གྲས་ཁར་ཚུདཔ་སྦེ་ཨིན་པས།
ཞིབ་འཇུག་ཚུ་ཡང་ ཨ་ལོ་གསར་སྐྱེས་ཚབས་ཆེན་བཞག་ས་དང་ ཨ་ལོ་གསར་སྐྱེས་བཞག་ས་ དེ་ལས་ ཨ་ལོ་སྐྱེ་སའི་ལྟེ་བ་དང་ ཨམ་སྲུ་ ཨ་ལོ་སྐྱེ་ནི་ཡོད་མི་བཞག་ས་དང་ ནདཔ་བཞག་ས་སྒེར་གྱི་ཁང་མིག་ཚུ་ནང་ འགོ་འདྲེན་འཐབ་ཡོདཔ་ད་ དེ་ཡང་ སྤྱི་ལོ་༢༠༡༧ གྱི་ཟླ་༡ པའི་ཚེས་༡ ལས་ ཟླ་༡༢ པའི་ཚེས་༣༡ ཚུན་ཚོད་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
དེ་ལས་ བརྟག་ཞིབ་དེ་ནང་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཨ་ལོ་ཆགས་པའི་ཤུལ་ལས་ བདུན་ཕྲག་༣༧ གྱི་ སྔོན་མར་སྐྱེས་མི་དང་ ཨམ་སྲུ་ཅིག་གིས་ ཨ་ལོ་ལེ་ཤ་སྐྱེས་མི་དང་ ཨ་ལོའི་ཨའི་ ཨ་ལོ་སྐྱེས་ནིའི་ཐོ་ནང་མ་ཚུད་མི་དང་ ཨ་ལོ་ཆགས་སྟེ་ དུས་ཡུན་ག་དེམ་ཅིག་སོང་ཡོདཔ་ཨིན་ན་ མ་ཤེས་མི་ཚུ་ཡང་ ཚུདཔ་ཨིན་པས།
དེ་བཟུམ་སྦེ་ བརྟག་ཞིབ་ནང་མ་ཚུད་མི་ཚུ་ སྨན་ཁང་གཞན་ཁར་སྐྱེས་བའི་ཨ་ལོ་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བཏང་ཡོད་མི་དང་ ཨ་ལོ་ཁྱིམ་ནང་སྐྱེས་མི་དང་ སྨན་ཁང་ནང་འོང་པའི་ལམ་ཁར་སྐྱེས་མི་ཚུ་ མ་ཚུད་པར་ཡོདཔ་ཨིན་པས།
ཨ་ལོ་ཟླཝ་མ་ཚང་པར་སྐྱེས་ཡོད་པའི་ གནས་སྡུད་དབྱེ་ཞིབ་དེ་ཡང་ སྤྱི་ལོ་༢༠༡༧ ལུ་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཨ་ལོ་ཟླཝ་མ་ཚང་པར་སྐྱེས་ཡོད་པའི་ གྱངས་ཁ་དང་ ཟླཝ་མ་ཚང་པར་སྐྱེས་ཡོད་པའི་ཨ་ལོ་ གསོ་ཡོད་པའི་བར་ན་ དབྱེ་བ་ཕྱེས་ཏེ་ རྩིས་རྐྱབ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཤི་ཚད་དང་ ནད་རྐྱེན་དེ་ ཨ་ལོ་ཚབས་ཆེན་བཞག་ས་དང་ ཨ་ལོ་བཞག་ས་ཡོད་མི་ཚུ་ནང་ ལག་ལེན་འཐབ་དོ་ཡོད་པའི་ ལམ་ལུགས་དང་འཁྲིལ་ཏེ་ ལྟ་རྟོག་འབད་དེ་ གནས་སྡུད་དབྱེ་ཞིབ་འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་༢༠༡༧ ལུ་ ཨ་ལོ་ཡོངས་བསྡོམས་༤༦༡༨ སྐྱེས་ཡོདཔ་ད་ ཨ་ལོ་མ་ཤི་བར་ སྐྱེས་ཡོད་མི་དེ་༤,༥༢༤ ཨིནམ་ད་ ཨ་ལོ་ཟླཝ་མ་ཚང་རུང་ མ་ཤི་བར་སྐྱེས་མི་༢༩༡ ཨིནམ་ད་ ཨ་ལོ་ཟླཝ་མ་ཚང་པར་སྐྱེས་ཡོད་པའི་ཚད་གཞི་དེ་ བརྒྱ་ཆ་ལས་༦.༤ ཨིན་མི་དེ་ རྒྱལ་སྤྱི་ནང་ ཨ་ལོ་ཟླཝ་མ་ཚང་པར་སྐྱེས་བའི་ཚད་ བརྒྱ་ཆ་༡༡.༡ ཡོད་མི་དང་ཕྱདཔ་ད་ ཉུང་སུ་ཨིནམ་མ་ཚད་ རྒྱལ་ཁབ་ནང་ ཨ་ལོ་ཟླཝ་མ་ཚང་པར་སྐྱེས་བའི་ཚད་ བརྒྱ་ཆ་ལས་༡༠ ལས་༡༥ སྔོན་རྩིས་བཏོན་མི་དང་ ཕྱདཔ་ད་ཡང་ ཉུང་སུ་ཐོན་ཡོདཔ་ཨིན་པས།
ཡོངས་བསྡོམས་ཀྱིས་ ཤི་ཚད་དེ་ བརྒྱ་ཆ་༡༡.༡ དང་ ཨ་ལོ་ཟླཝ་མ་ཚང་པར་སྐྱེས་མི་ལས་ བརྒྱ་ཆ་༢༡.༦ ཤི་ཡོདཔ་སྦེ་ཐོན་ཡོདཔ་ད་ དེ་ཡང་ ཤི་ནིའི་ཉེན་ཁ་ཆེ་ཤོས་ར་ ཨ་ལོ་བདུན་ཕྲག་༢༨ འོག་རྒྱུ་སྐྱེས་མི་དང་ ལྗིད་ཚད་གནམ་མེད་ས་མེད་ཉུང་སུ་འབད་མི་གི་ ཨ་ལོ་ཚུ་ཨིན་པས།
དེ་འབདཝ་ལས་ གནད་དོན་དེ་ཚུ་བྱུང་བའི་ གཞི་ངོ་མ་དེ་ ངོས་འཛིན་འབད་ནི་དང་ ཨ་ལོ་ཟླཝ་མ་ཚངམ་ལས་ སྐྱེ་ནི་ལས་ བཀག་ཐབས་འབད་ནིའི་ ཐབས་ལམ་བཏོན་དགོ་པའི་ རྒྱབ་སྣོན་ཕུལ་ཡོད་པའི་གནས་ཚུལ།

རྒྱལ་སྤྱི་གསོ་བའི་གྲོས་འཛོམས་ འཚོགས་པའི་བསྒང་།