རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཕྱི་སྡོད་ནད་པའི་སྨན་བཅོས་ལས་ཁུངས་སོ་སོ་ཅིག་ སྒོ་ཕྱེས་ཡོདཔ།

༉ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གིས་ མཁལ་རྡོག་ཚབ་བཙུགས་མི་ ནདཔ་ཚུ་གི་དོན་ལས་ ཕྱི་སྡོད་ནད་པའི་སྨན་བཅོས་ལས་ཁུངས་སོ་སོ་ཅིག་ སྒོ་ཕྱེས་ཡོདཔ་ཨིན་པས།
དེ་ཡང་ མཁལ་རྡོག་ཚབ་བཙུགས་མིའི་ ནདཔ་ཚུ་གིས་ རེས་གཟའ་ཉི་མ་ཨ་རྟག་ར་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ སྒྲིང་ཁྱིམ་རྙིངམ་གི་ ཁང་མིག་༡༧ ནང་ མཁལ་རྡོག་གི་མཁས་མཆོག་ ཌོག་ཊར་མི་འགྱུར་རྡོ་རྗེ་དང་ གྲོས་བསྟུན་འབད་ནིའི་ གོ་སྐབས་འཐོབ་ནི་ཨིན་པས།
འབྲུག་མཁལ་རྡོག་གཞི་ཚོགས་ཀྱིས་ འགོ་འདྲེན་ཐོག་ལས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ བདག་སྐྱོང་དང་ གསོ་བའི་མཁས་མཆོག་ དེ་ལས་ མཁལ་རྡོག་ཚབ་བཙུགས་མི་ཚུ་གི་བར་ན་ སྤྱི་ཟླ་༦ པའི་ཚེས་༢༦ ལུ་ ཏཱ་ར་ཡ་ན་ ཞལ་འཛོམས་ཁང་ནང་ ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་པའི་སྐབས་ ཕྱི་སྡོད་ནད་པའི་སྨན་བཅོས་ཞབས་ཏོག་ཅིག་དགོཔ་ ངེས་བདེན་མཐོང་པའི་ཤུལ་ལུ་ གཙོ་བསྟེན་སྨན་ཁང་གི་ བདག་སྐྱོང་གིས་ གཞི་བཙུགས་འབད་ཡོདཔ་ཨིན་པས།
ཕྱི་སྡོད་ནད་པའི་སྨན་བཅོས་ལས་ཁུངས་སོ་སོ་ཅིག་ སྒོ་ཕྱེ་དགོ་མི་དེ་ རྒྱལ་ཁབ་ནང་ མཁལ་རྡོག་ཚབ་བཙུགས་མི་ཚུ་ ཡར་སེང་འགྱོ་མི་ལུ་བརྟེན་ཏེ་ཨིནམ་ད་ ད་རེས་ནངས་པར་ མཁལ་རྡོག་ཚབ་བཙུགས་མི་ནདཔ་༡༣༠དེ་ཅིག་ཡོདཔ་ཨིན་པས།
འབྲུག་མཁལ་རྡོག་གཞི་ཚོགས་ གཞི་བཙུགས་འབད་མི་ བཀོད་ཁྱབ་མདོ་ཆེན་ བཀྲིས་རྣམ་རྒྱལ་གྱིས་ སླབ་མིའི་ནང་ མཁལ་རྡོག་ཚབ་བཙུགས་མི་ ནདཔ་ཚུ་གི་དོན་ལས་ ཕྱི་སྡོད་ནད་པའི་སྨན་བཅོས་ཞབས་ཏོག་དེ་ ཞལ་འཛོམས་འཚོགས་པའི་ཤུལ་ལས་རྐྱངམ་གཅིག་ འགོ་བཙུགས་ཅི་ཟེར་ཨིན་པས།
དེ་བཟུམ་མའི་ ཞབས་ཏོག་ལོགས་སུ་དགོ་པའི་ མཁོ་གལ་བྱུང་མི་དེ་ཡང་ ནདཔ་ཚུ་ལུ་ ནད་གཞི་གཞན་ སྔོན་འགོག་འབད་ནིའི་གཟུགས་སྟོབས་སྒྲིང་སྒྲི་མེདཔ་ལས་ ནདཔ་གཞན་བཟུམ་སྦེ་ གྱལ་བསྣར་ཏེ་ སྡོད་དགོ་ནི་དེ་གིས་ འབུ་ནད་གཞན་འཐོབ་ནིའི་ ཉེན་ཁ་ཡོད་མི་ལུ་བརྟེན་ཨིན་ཟེར་ བཀྲིས་རྣམ་རྒྱལ་གྱིས་ བཤདཔ་ཨིན་པས།
མཁལ་རྡོག་གི་ནདཔ་ལུ་ འབུ་ནད་ཐོབ་པ་ཅིན་ མཁལ་རྡོག་ཚབ་བཙུགས་རུང་ ནད་གཞི་དེ་གིས་ མཁལ་རྡོག་གསར་བཙུགས་འབད་ནི་ལུ་ བཀག་ཆ་འབད་འོང་ཟེར་ཨིནམ་ད་ ཕྱི་སྡོད་ཞབས་ཏོག་སོ་སོ་ཅིག་ འགོ་བཙུགས་མི་དེ་གིས་ དྲུང་འཚོ་གིས་ སྨན་བཅོས་དང་ ལྟ་རྟོག་ལེགས་ཤོམ་འབད་ཚུགས་ནི་ཨིནམ་ལས་ འབུ་ནད་སྔོན་འགོག་འབད་ནི་ལུ་ ཕན་ཐོགས་འོང་ཟེར་ ཁོ་གིས་ བཤདཔ་ཨིན་པས།
རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ སྨན་བཅོས་སྡེ་འཛིན་ ཌོག་ཊར་གོ་སར་སྤེན་པ་གིས་ སྨན་ཁང་ནང་ མཁལ་རྡོག་ནདཔ་གི་དོན་ལས་ ཕྱི་སྡོད་ནད་པའི་སྨན་བཅོས་ལས་ཁུངས་སོ་སོར་ འགོ་བཙུགས་ཏེ་ ཟླཝ་༢ དེ་ཅིག་ ཡང་སོ་ཡི་ཟེར་ བཤད་པའི་ཁར་ ཧེ་མ་ མཁལ་རྡོག་གི་ནདཔ་ཚུ་ གྲོས་བསྟུན་གྱི་དོན་ལུ་ ཡུན་རིངམོ་སྦེ་ ནདཔ་གཞན་བཟུམ་སྦེ་ར་ གྱལ་ནང་བསྒུག་སྡོད་དགོ་ཟེར་ཨིན་པས།
ཁོ་གིས་ སླབ་མའི་ནང་ སྨན་ཁང་ནང་ མཁལ་རྡོག་ཚབ་བཙུགས་མིའི་ནདཔ་ཚུ་ལུ་ བདུན་ཕྲག་༡ ལུ་ མཁལ་རྡོག་གི་ སྨན་བཅོས་ཚར་གཅིག་འབད་བ་ཅིན་ ནདཔ་ཚུ་གིས་ དྲུང་འཚོ་དང་ གྲོས་བསྟུན་དང་ ཞབས་ཏོག་གཞན་ཚུ་ ལེགས་ཤོམ་སྦེ་ར་ ལེན་ཚུགས་ནི་མས་ཟེར་ཨིནམ་ད་ ཞབས་ཏོག་འགོ་བཙུགས་ཞིནམ་ལས་ཚུར་ གཟའ་ཉིནམ་ཨ་རྟག་ར་ དཔྱ་སྙོམས་ལུ་ ནདཔ་༢༠ དེ་ཅིག་ལུ་ ཞབས་ཏོག་བྱིན་ཚུགས་དོ་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *