རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གིས་ ནད་འབུབ་བཀག་ཐབས་ཀྱི་ ཐབས་ལམ་བཏོན་དོ་ཡོདཔ།

༉ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྨན་ཁང་གིས་ འཕྲལ་ཁམས་གཅིག་ཁར་ ཨ་ལུ་གསར་སྐྱེས་གློ་བུར་སྨན་བཅོས་སྡེ་ཕྲན་ནང་ འཕྲོད་བསྟེན་དང་འབྲེལ་བའི་ནད་གཞི་ ཁྱབ་སྤེལ་འགྱོ་མི་ལུ་ བཀག་ཐབས་ཀྱི་ཐབས་ལམ་ཚུ་ བཏོན་དོ་ཟེར་ཨིན་པས།
རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལས་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ སྨན་ཁང་གི་འཛིན་སྐྱོང་གིས་ སྤྱི་ཟླ་༡༠ པའི་ཚེས་༡ ལུ་ གནས་སྐབས་གཞུང་གིས་ ནད་གཞི་བཀག་ནིའི་དོན་ལུ་ དུས་ཐུང་གི་ཐབས་ལམ་ཚུ་ བཏོན་དགོ་པའི་རྒྱབ་སྣོན་ཡི་གུ་ཚུ་ གྲོས་བསྟུན་འབད་ནིའི་དོན་ལུ་ འཛོམས་འདུ་རྐྱབ་ཡོདཔ་ཨིན་པས།
གནས་ཚུལ་གསར་བཏོན་ནང་ སྤྱི་ཟླ་༧ པའི་ཚེས་༢༣ ལས་ སྤྱི་ཟླ་༨ པའི་ཚེས་༦ གི་བར་ན་ གློ་བུར་སྨན་བཅོས་སྡེ་ཕྲན་ནང་ འཕྲོད་བསྟེན་དང་འབྲེལ་བའི་ ནད་གཞི་ལུ་བརྟེན་ཤི་མི་ ཨ་ལུ་རྨས་སྐྱེས་༩ གི་ ཨའི་ཆ་མཉམ་ར་ རྫོང་ཁག་སྨན་ཁང་ཚུ་ནང་ ཨ་ལུ་སྐྱེ་མ་ཚུགས་མི་ལུ་བརྟེན་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་བཏང་ཡོདཔ་ད་ སྨན་ཁང་ནང་ གཤག་བཅོས་འབད་ཐོག་ལས་སྐྱེས་ཡི་ཟེར་ བཀོད་དེ་ཡོདཔ་ཨིན་པས།
ཨ་ལུ་དེ་ཚུ་ ཟླཝ་མ་ཚང་པར་ སྐྱེས་ཡོདཔ་བཞིན་དུ་ ལྗིད་ཚད་ཡང་ ཀེ་ཇི་༢ མ་ལངམ་ཡོདཔ་ལས་ སྨན་ཁང་གི་ཨ་ལུ་སྨན་བཅོས་སྡེ་ཕྲན་ནང་ བཞག་དགོཔ་ཐོན་ཡོདཔ་ད་ ཨ་ལུ་ཚུ་ ནད་ཀྱི་གནས་སྟངས་སོ་སོ་ཚུ་ནང་ཡོད་ནི་དེ་གིས་ སྨན་བཅོས་ཀྱི་རིགས་ཚུ་འབད་བའི་སྐབས་ ཨ་ལུ་ཚུ་ལུ་ ནད་སྤེལ་སྤེལཝ་བཟུམ་འདུག་ཟེར་ གནས་ཚུལ་གསར་སྟོན་ནང་བཀོད་ནུག།
མཐའ་འཁོར་གནས་སྟངས་འཕྲོད་བསྟེན་དང་མ་ལྡན་མི་དང་ སྦྱོང་བརྡར་འབད་མི་ ལས་བྱེདཔ་ལངམ་མེད་མི་ མཐུན་རྐྱེན་ལངམ་མེད་མི་ ཕྱི་མི་ནང་ན་འོང་མིའི་ གྱངས་ཁ་མངམ་ཐོན་མི་ཚུ་བརྟེན་ ཨ་ལུ་ཚུ་ལུ་ ནད་ཁྱབ་སྤེལ་འབད་ཡོད་པའི་ དོགས་པ་ཡོད་ཟེར་ བཀོད་ནུག།
གནད་དོན་གཞན་མི་དེ་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་འཐུང་ཆུ་གཙང་སྦྲ་དང་ལྡནམ་སྦེ་མེད་མི་ལུ་ དོགས་པ་ཡོད་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
སྨན་ཁང་གིས་ ད་ཚུན་ ཆུ་མཛོད་ནང་ སྨན་རྫས་བཏབ་པའི་ཁར་ དུས་རྒྱུན་དུ་ལྟ་རྟོག་དང་ རྩེད་སྟེགས་གསུམ་འབད་མི་ཆུའི་སེལ་ཚགས་ གཞི་བཙུགས་འབད་ཡོདཔ་མ་ཚད་ ནད་གཞི་བཀག་ཐབས་ལུ་ ལས་གཡོགཔ་ཚུ་དང་ ནད་གཡོགཔ་ཚུ་ ལྟ་རྟོག་འབད་ནིའི་ཐབས་ལམ་ཚུ་ བཏོན་ཡོདཔ་ཨིན་པས།
ཐབས་ལམ་གཞན་མི་དེ་ ནད་གཞི་གི་གནས་སྟངས་སྐོར་ལས་ གནས་ཚུལ་དུས་མཐུན་བཞག་ནིའི་དོན་ལུ་ འབྲེལ་ཡོད་ལས་སྡེ་ཚུ་གི་བར་ན་ ཞལ་འཛོམས་འཚོགས་ཐོག་ལས་ རྒྱབ་སྣོན་འབད་ནི་དང་ སྡེ་ཕྲན་གྱི་ས་ཁོངས་ལྟ་རྟོག་འབད་ནི་ དེ་ལས་ སྨན་ཁང་ནང་ ཕྱི་མི་འཛུལ་ནི་ལས་ བཀག་འཛིན་ འབད་ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *