རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ནད་བརྟག་སྡེ་ཚན་༡༠ ནང་ དྲུང་འཚོ་དང་འཕྱད་ནིའི་ལས་རིམ།

༉ ད་རེས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ཕྱི་སྡོད་ནད་པའི་ ནད་བརྟག་སྡེ་ཚན་གསརཔ་༧ ནང་ ནདཔ་ཚུ་གིས་ དྲུང་འཚོ་དང་གཅིག་ཁར་ འཕྱད་ནིའི་དོན་ལུ་ གྲོས་བསྟུན་ཐོག་ དུས་སྟབས་བཟོ་ནིའི་ལམ་ལུགས་ གཞི་བཙུགས་འབད་མི་དེ་གིས་ ནདཔ་ཚུ་ལུ་ བསམ་པ་རྫོགས་ཚུགས་པའི་ ཞབས་ཏོག་ བྱིན་ཚུགས་པའི་རེ་བ་ཡོདཔ་ཨིན་པས།
སྡེ་ཚན་ཚུ་ཡང་ སོ་དང་ ཤ་པགས་ རྣམ་ཅོག་ལྷ་པ་ལྐོདམ་ རུ་ཏོ་ ཨ་ལོ་ སེམས་ཁམས་དང་ གཤག་གཅོད་འབད་ནི་ཚུ་ཨིན་པས།
དྲུང་འཚོ་དང་འཕྱད་ནིའི་དུས་སྟབས་ཡང་ ཕྱི་སྡོད་ནདཔ་བཞག་སའི་སྡེ་ཚན་གྱི་ བསུ་ལེན་ས་ཁོངས་ནང་སོང་སྟེ་ བཟོ་ནི་དང་ དེ་མིན་ ནདཔ་བཞག་སའི་ས་ཁོངས་ནང་ དྲོ་པའི་ཆུ་ཚོད་༡༠ དང་ ཉིན་མའི་ཆུ་ཚོད་༣ གྱི་བར་ན་ བརྒྱུད་འཕྲིན་ཐོག་ལས་ བཟོ་དགོཔ་ཨིན་པས།
ཌོག་ཊར་གོ་སར་སྤེན་པ་གིས་ འདས་པའི་དྲི་བ་དྲིས་ལན་སྐབས་ བཤད་མིའི་ནང་ ལམ་ལུགས་དེ་ ནདཔ་ཚུ་བསྒུག་སྡོད་དགོ་པའི་ དུས་ཚོད་མར་ཕབ་འབད་ནི་དང་ སྤུས་ཚད་ཅན་གྱི་ གྲོས་བསྟུན་ཞབས་ཏོག་ བྱིན་ཐབས་ལུ་དམིགས་ཏེ་ ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ལམ་ལུགས་དེ་ གཞི་བཙུགས་འབད་བའི་ཤུལ་ལས་ ནདཔ་ཚུ་ དྲོ་པ་ཧ་སག་འོང་སྟེ་ རང་སོའི་སྐོར་ཐེངས་ལུ་ སྒུག་སྡོད་མ་དགོ་པའི་ཁེ་ཕན་ཡོདཔ་ད་ ཁོང་གིས་ གྲོས་བསྟུན་གྱི་དུས་ཚོད་རན་ནི་ལུ་ དུས་ཡུན་སྐར་མ་༥ དང་༡༠ གྱི་བར་ན་ འོང་རུང་བཏུབ་ཟེར་ཨིན་པས།
རྒྱལ་ས་ལྟེ་བ་ལུ་སྡོད་མི་ཅིག་ཨིན་མི་ སྐྱེས་ལོ་༣༢ ལང་མི་ འཇིགས་མེད་དབང་མོ་གིས་ སླབ་མིའི་ནང་ དེ་བཟུམ་གྱི་གྲོས་བསྟུན་ལས་རིམ་དེ་གིས་ མོ་བཟུམ་མའི་ སྒེར་སྡེའི་ལས་བྱེདཔ་ཚུ་ལུ་ སྟབས་བདེ་ཏོག་ཏོ་འདུག་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ མོ་ར་ སྨན་ཁང་ནང་འོང་དགོ་པ་ཅིན་ དྲུང་འཚོ་དང་གཅིག་ཁར་ དུས་སྟབས་བཟོ་སྟེ་ འོང་དགོཔ་ལས་ རང་སོའི་སྐོར་རྒྱབ་ལྷོད་ནི་ལུ་ ཉིནམ་ཕྱེད་ལྷགཔ་ཅིག་ བསྒུག་སྡོད་དགོཔ་ལས་ ད་རེས་ ལམ་ལུགས་གསརཔ་བཟོ་མི་དེ་ལུ་བརྟེན་ དྲུང་འཚོ་དང་གཅིག་ཁར་ འཕྱད་ནིའི་དོན་ལུ་ དུས་ཡུན་སྐར་མ་༣༠ ལས་ལྷག་སྟེ་ མི་འགོར་ནི་མས་ཟེར་ཨིན་པས།
ད་རུང་ སྨན་ཁང་གི་ནདཔ་ཅིག་ཨིན་མི་ སྐྱེས་ལོ་༥༧ ལང་མི་ ཨོ་རྒྱན་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་ར་ རྣམ་ཅོག་གི་ནད་ལུ་བརྟེན་ དུས་རྒྱུན་དུ་ སྨན་ཁང་གི་ མིག་ཏོ་རྣམ་ཅོག་ལྷ་པ་སྡེ་ཚན་ནང་ འོང་དགོ་མི་ཅིག་འབདཝ་ལས་ ཁོ་གིས་ ཞབས་ཏོག་གི་སྐོར་ལས་ འཕྲལ་ཁམས་གཅིག་ཁར་ བསུ་ལེན་པ་ཅིག་ལས་ ཤེས་ཅི་ཟེར་ཨིན་པས།
ཞབས་ཏོག་དེ་གིས་ ཁོ་བཟུམ་སྦེ་ ན་མི་ནདཔ་ཚུ་ལུ་ བསྒུག་སྡོད་མ་དགོ་པའི་ཁར་ ལམ་ལུགས་དེ་དང་འཁྲིལ་བ་ཅིན་ ནདཔ་ཚུ་གིས་ རང་སོའི་གདམ་ཁ་ཅན་གྱི་ དྲུང་འཚོ་དང་གཅིག་ཁར་ཡང་ གྲོས་བསྟུན་འབད་ནིའི་གོ་སྐབས་ འཐོབ་ཚུགས་ནི་མས་ཟེར་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ནདཔ་ཚུ་གིས་ གྲོས་བསྟུན་གྱི་དུས་ཚོད་ཁར་ ལྷོད་མ་ཚུགས་པ་ཅིན་ དུས་སྟབས་གསརཔ་ བཟོ་དགོ་ཟེར་ཨིན་པས།
སྨན་ཁང་གི་འཛིན་སྐྱོང་གིས་ སྨན་ཁང་གི་ལས་བྱེདཔ་ཆ་མཉམ་ལུ་ གྲོས་བསྟུན་གྱི་དུས་སྟབས་བཟོ་བའི་སྐབས་ མི་མང་ལུ་ དཀའ་ངལ་མི་འཐོན་ནིའི་དོན་ལུ་ ལམ་ལུགས་དང་འཁྲིལ་ཏེ་ ལཱ་འབད་དགོ་པའི་སྐོར་ལས་ སླབ་ཡོདཔ་ཨིན་པས།
སྨན་ཁང་གིས་ དུས་ཅི་ སྤྱི་ཟླ་༣ པའི་ནང་ གྲོས་བསྟུན་གྱི་ དུས་སྟབས་བཟོ་ནིའི་ལམ་ལུགས་དེ་ རྣམ་ཅོག་ ལྷ་པ་ ལྐོདམ་ སོ་དང་ མོ་ནད་སྡེ་ཚན་ཚུ་ནང་ མོ་བཏབ་སྦེ་ ལག་ལེན་འཐབ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

 

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *