༉ གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དེ་ ལས་འཛིན་སྦེ་ བཟོ་ཐབས་ལུ་ གསོ་བའི་དྲུང་ཆེན་དང་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དང་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེའི་ གཙོ་འཛིན་ཚུ་ལུ་ ཆེ་མཐོའི་གནས་རིམ་གྱི་ ཚོགས་ཆུང་ཅིག་ གཞི་བཙུགས་འབད་ཞིནམ་ལས་ གྲོས་འཆར་གུ་ གསུང་གྲོས་གནང་དགོཔ་སྦེ་ སྤྱི་ཟླ་༨ པའི་ཚེས་༡༤ ལུ་ ཡི་གུ་བཏང་ནུག།
གསོ་བའི་མཁས་མཆོག་ཚུ་ བདག་སྲུང་འབད་ནི་དང་ གསོ་བའི་ཞབས་ཏོག་ ལེགས་བཅོས་འབད་ནི་ དེ་ལས་ སྨན་ཁང་ནང་ ལཱ་འབད་མི་ཚུ་ལུ་ དངུལ་འབྲེལ་གྱི་ ཁེ་ཕན་སྤྲོད་ནི་གི་ ཐབས་ལམ་བཟུམ་ཅིག་སྦེ་ གཞུང་གིས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དེ་ ལས་འཛིན་ལུ་ བསྒྱུར་བཅོས་འབད་ནི་གི་ འོས་འབབ་བལྟ་ཞིནམ་ལས་ གྲོས་འཆར་ཅིག་ བཙུགས་དགོཔ་སྦེ་ སྨན་ཁང་ལུ་ བཀའ་རྒྱ་གནང་ཡོདཔ་ཨིན་པས།
འདས་པའི་ལོ་༦ གི་ནང་ ཌོག་ཊར་༧ དང་ གསོ་བའི་མཁས་མཆོག་༡༡ དགོངས་ཞུ་འབད་ནུག།
དུས་ཅིའི་ལོ་སྔ་ཆ་ལུ་ གསོ་བའི་ལྷན་ཁག་གིས་ གསོ་བའི་མཁས་མཆོག་ཚུ་ བདག་སྲུང་འབད་ནི་གི་ ཐབས་བྱུས་ཅིག་ གནང་བ་འགྲུབ་ནིའི་དོན་ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་བརྒྱུད་དེ་ ལྷན་རྒྱས་གཞུང་ཚོགས་ལུ་ བཙུགས་ཡོདཔ་ལས་ དེ་གི་སྐོར་ གསུང་གྲོས་གནངམ་ད་ གཙོ་བསྟན་སྨན་ཁང་དེ་ ལས་འཛིན་ལུ་ བསྒྱུར་བཅོས་འབད་དགོ་པའི་ གྲོས་འཆར་བྱུང་ཡོདཔ་ཨིན་པས།
གྲོས་འཆར་དེ་ལུ་ ལྷན་རྒྱས་གཞུང་ཚོགས་དང་ གསོ་བའི་ལྷན་ཁག་གིས་ རྒྱབ་སྐྱོར་འབད་ཡོདཔ་ཨིན་རུང་ དངུལ་ཕོགས་ལྷན་ཚོགས་ཀྱིས་ མཁས་མཆོག་གི་ གནས་རིམ་རྐྱངམ་གཅིག་ནང་ གཞུང་ལས་ འཐུས་ཡར་སེང་གནང་ཐབས་མེད་ཟེར་ བཀོད་ཡོདཔ་ད་ གལ་སྲིད་ གཞུང་གིས་ གསོ་བའི་མཁས་མཆོག་ཚུ་གི་ འཐུས་ཡར་སེང་འབད་བ་ཅིན་ ཅོག་འཐདཔ་སྦེ་ གསོ་བའི་ལས་བྱེདཔ་གཞན་ཚུ་ལུ་ཡང་ ཡར་སེང་འབད་དགོ་ཟེར་ཨིན་པས།
གསོ་བའི་བློན་པོ་གིས་འབད་བ་ཅིན་ གསོ་བའི་མཁས་མཆོག་ཚུ་ ཞི་གཡོགཔ་ཨིནམ་ལས་ ཁོང་རའི་ ཁྱད་ལཱ་ལུ་ གཞི་བཞག་སྟེ་ ཞི་གཡོགཔ་གཞན་ཚུ་དང་ དངུལ་ཕོགས་ཀྱི་ ཁྱད་པར་བཟོ་མི་ཚུགས་ཟེར་ཨིནམ་ད་ ང་བཅས་ཀྱིས་ ཞི་གཡོག་གི་བཅའ་ཡིག་དང་ སྒྲིག་གཞི་ཚུ་དང་འཁྲིལ་དགོཔ་ལས་ དངུལ་ཕོགས་སོ་སོར་ བཟོ་ནི་གི་ འོས་འབབ་མེད་ཟེར་ བློན་པོ་གིས་ བཤད་ཅི།
དེ་འབདཝ་ལས་ རྒྱལ་ཁབ་ནང་ གསོ་བའི་མཁས་མཆོག་ མ་ལང་པའི་དཀའ་ངལ་ སེལ་ཐབས་འབད་ནི་དང་ ད་ལྟོ་ཡོད་མི་ཚུ་ རང་སོའི་ཁྱད་རིག་གི་ ལཱ་བཤོལ་བཞག་སྟེ་ མི་འགྱོ་ནི་གི་ ཐབས་ལམ་དྲག་ཤོས་དེ་ར་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དེ་ ལས་འཛིན་ལུ་ བསྒྱུར་བཅོས་འབད་ནི་དེ་ཨིན་པས་ཟེར་ བློན་པོ་རྟ་མགྲིན་དབང་ཕྱུག་གིས་ བཤད་ཅི།
སྨན་ཁང་དེ་ ལས་འཛིན་ལུ་ བསྒྱུར་བཅོས་འབད་ནི་མས་ཟེར་བའི་ གནས་ཚུལ་ཐོནམ་ཅིག་ མི་སྡེ་བརྡ་བརྒྱུད་ནང་ལས་ཕར་ མི་ཚུ་གིས་ ཚ་གྱང་བཤད་ནི་ཚུ་ འགོ་བཙུགས་ནུག་ཟེར་ཨིན་པས།
ལ་ལོ་ཅིག་གིས་ ལས་འཛིན་སྦེ་ ལག་ལེན་འཐབ་པའི་བསྒང་ལས་ རྒྱ་གར་རྒྱལ་ཁབ་ནང་བཟུམ་སྦེ་ གསོ་བའི་ཞབས་ཏོག་གི་འཐུས་དང་ སྨན་ཚུ་ཡང་ཉོ་སྟེ་ ཟ་དགོ་པའི་ གནས་སྟངས་ལུ་ ཐུག་ནི་མས་ཟེར་ སླབ་མི་ཡང་ ལེ་ཤ་ཅིག་འདུག་ཟེར་ བློན་པོ་གིས་ བཤད་ཅི།
ཨིན་རུང་ བློན་པོ་གིས་འབད་བ་ཅིན་ སྨན་ཁང་དེ་ ལས་འཛིན་ལུ་ བསྒྱུར་བཅོས་འབད་ཚུགས་པ་ཅིན་ དེ་གིས་ མི་སེར་ལུ་ ཕན་པ་མ་གཏོགས་ གནོད་པ་ག་ཅི་ཡང་མེད་ཟེར་ཨིནམ་ད་ ག་འཆརཔ་ཟེར་བ་ཅིན་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ནང་ཡང་ གསོ་བའི་ཞབས་ཏོག་ རིན་མེད་སྟོང་པ་སྦེ་ བྱིན་དགོཔ་སྦེ་ འཁོད་དེ་ཡོདཔ་ལས་ མི་སེར་ལུ་ སྨན་ཁང་གི་ ཁ་ཐུག་ལས་ གསོ་བའི་ཞབས་ཏོག་བྱིན་མི་དེ་ གཞུང་གིས་སྦེ་ འཐུས་བཏབ་འོང་ཟེར་ཨིན་པས།
འཆར་གཞི་དང་འཁྲིལ་བ་ཅིན་ རྒྱལ་ཁབ་ནང་ གསོ་བའི་མཁས་མཆོག་བསྡོམས་༡༦༩ དགོ་ནི་ཨིན་རུང་ ད་ལྟོ་ མཁས་མཆོག་༨༡ ལས་མེདཔ་ཨིན་པས།
དེ་བཟུམ་སྦེ་ རྫོང་ཁག་སྨན་ཁང་ཚུ་ནང་ གསོ་བའི་མཁས་མཆོག་དགོཔ་༡༠༧ ཨིན་རུང་ ད་ལྟོ་༡༨ ལས་ མེདཔ་ཨིན་པས།
མ་གཞི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་བརྒྱུད་དེ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་གཙོ་བསྟེན་སྨན་ཁང་ནང་གི་ མཁས་མཆོག་ཚུ་ ལཱ་གཡོག་བཀོག་བཞག་སྟེ་ མི་འགྱོ་ནི་གི་ ཐབས་ལམ་ལུ་ ཐོབ་ལམ་ཡར་སེང་འབད་ གནང་དགོ་པའི་ གྲོས་འཆར་བཙུགས་ཏེ་ཡོད་རུང་ བློན་པོ་རྟ་མགྲིན་དབང་ཕྱུག་གིས་ འབད་བ་ཅིན་ སྨན་ཁང་གི་ མཁས་མཆོག་ཚུ་ཡང་ ཞི་གཡོགཔ་རང་ཨིནམ་ལས་ ཞི་གཡོགཔ་ག་ར་ཅོག་འཐདཔ་སྦེ་ བཞག་ནི་མ་གཏོགས་ དངུལ་ཕོགས་དང་ ཐོབ་ལམ་ཚུ་ སོ་སོར་སྦེ་ བཟོ་ཐབས་མིན་འདུག་ཟེར་ཨིན་པས།
མ་གཞི་ རྒྱལ་ཁབ་ནང་ མཁས་མཆོག་ཚུ་ ལོ་བསྟར་བཞིན་དུ་ མར་འབབ་མེན་པར་ ཡར་སེང་འགྱོ་དོ་ཡོདཔ་ཨིན་རུང་ མཁས་མཆོག་ག་དེ་མང་མང་འོངམ་དང་ དེ་དང་བསྟུན་པའི་ ཞབས་ཏོག་མ་འདྲཝ་ཚུ་ཡང་ གཞི་བཙུགས་འབད་དགོཔ་ལས་ མཁས་མཆོག་ལང་མ་ཚུགས་མི་དེ་ཡང་ དེ་ལས་བརྟེན་ཏེ་ཨིནམ་སྦེ་ བློན་པོ་གིས་ བཤད་ཅི།
ཨིན་རུང་ གསོ་བའི་མཁས་མཆོག་གི་ སློབ་སྦྱོང་འབད་མི་ཡོདཔ་ལས་ སང་ཕོད་ལས་འགོ་བཙུགས་ཏེ་ ལོ་རེའི་ནང་ མཁས་མཆོག་༡༨ རེ་ མཐར་འཁྱོལ་དགོ་འོང་ཟེར་ གསོ་བའི་བློན་པོ་གིས་ བཤདཔ་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།