གློག་རྒྱུན་གྱི་ མཐུན་རྐྱེན་ཡོད་མི་ ཉལ་ཁྲི།

རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ལུ་ གློག་རྒྱུན་གྱི་ མཐུན་རྐྱེན་ཡོད་མི་ ཉལ་ཁྲི་༢༥ ཞལ་འདེབས།

༉ ཁ་ཙ་ འཛམ་གླིང་སྤྱི་ཚོགས་མི་འབོར་མ་དངུལ་ ཡུ་ཨེན་ཨེཕ་པི་གི་ ཞབས་ཏོག་སྐུ་ཚབ་ མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ལུ་ གློག་རྒྱུན་གྱི་མཐུན་རྐྱེན་ཡོད་མི་ དེང་སང་གི་ ཉལ་ཁྲི་༢༥ ཞལ་འདེབས་སྦེ་གནང་ཡི།
ཉལ་ཁྲི་ཚུ་ཡང་ གསོ་བའི་དྲུང་ཆེན་ ཌོག་ཊར་ཨོ་རྒྱན་རྡོ་ཕུག་གིས་ མི་དབང་རྒྱལ་ཡུམ་མཆོག་གི་ཕྱག་ལས་ རྩིས་ལེན་ཡོདཔ་ད་ རྩིས་སྤྲོད་ལེན་གྱི་ རྟེན་འབྲེལ་ནང་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ གཙོ་འཛིན་དང་ འགོ་དཔོན་ དེ་ལས་ གསོ་བ་ལྷན་ཁག་གི་ ཆེ་མཐོའི་འགོ་དཔོན་ཚུ་གིས་ བཅའ་མར་གཏོགས་ཅི།
སྨན་ཁང་གི་ ཉལ་ཁྲི་ཚུ་ ནད་པ་ཚུ་གི་ ཕན་བདེ་དང་ བདེ་ཉམས་ལུ་བལྟ་སྟེ་ བཟོ་བཀོད་འབད་ཡོདཔ་ད་ ཉལ་ཁྲི་དེ་ཚུ་ལུ་བརྟེན་ ནདཔ་ཚུ་གི་ གཟུགས་ཁམས་འཕྲོད་བསྟེན་ལུ་ ཕན་ཁྱད་འབྱུང་ནི་ཨིནམ་ལས་ མི་དབང་རྒྱལ་ཡུམ་མཆོག་ལུ་ བཀྲིན་དགའ་ཚོར་ཡོད་ཟེར་ གསོ་བའི་དྲུང་ཆེན་གྱིས་ཞུ་ཡི།
གསོ་བའི་ཞབས་ཏོག་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཌོག་ཊར་པཱན་གྲུབ་ཚེ་རིང་གིས་ སླབ་མིའི་ནང་ མི་དབང་རྒྱལ་ཡུམ་མཆོག་གིས་ བདེ་ཉམས་དང་ སྤུས་ཚད་ཅན་ དེ་ལས་ གོང་ཚད་མཐོ་དྲགས་གནང་མི་ ཉལ་ཁྲི་ཚུ་ ཞལ་འདེབས་བྱིན་མི་དེ་གིས་ སྨན་ཁང་ལུ་ ཉལ་ཁྲི་མཁོ་སྒྲུབ་ཀྱི་ ཟད་འགྲོ་མར་ཕབ་འབད་ནི་ལུ་ ཕན་ཁྱད་འབྱུང་ནི་ཨིནམ་མ་ཚད་ ཉལ་ཁྲི་མཁོ་སྒྲུབ་ཀྱི་ འཆར་དངུལ་དེ་ གསོ་བའི་ཞབས་ཏོག་གཞན་ནང་ ལག་ལེན་འཐབ་ཚུགས་ནི་མས་ཟེར་ཨིནཔས།
ཡོངས་ཁྱབ་མདོ་ཆེན་གྱིས་ སླབ་མིའི་ནང་ ཉལ་ཁྲི་དེ་ཚུ་ རྒྱལ་ཁབ་ནང་འཁོད་ཀྱི་ སྨན་ཁང་ཚུ་ནང་ མཁོ་གལ་ཚུ་ ལེགས་ཤོམ་སྦེ་ བརྟག་ཞིབ་འབད་ཞིནམ་ལས་ བགོ་བཀྲམ་འབད་འོང་ཟེར་ཨིན་པས།
ད་རུང་ མི་དབང་རྒྱལ་ཡུམ་མཆོག་གིས་ སྤྱི་ལོ་༢༠༠༦ ལས་ ཡུ་ཨེན་ཨེཕ་པི་ཨེ་གི་ ཞབས་ཏོག་སྐུ་ཚབ་ཀྱི་ ཕྱག་འགན་བཞེས་ཞིནམ་ལས་ཚུར་ རྫོང་ཁག་༢༠ ཆ་མཉམ་ནང་བྱོན་ཏེ་ མི་མང་ལུ་ གསོ་བའི་འཕྲོད་བསྟེན་དང་ མི་སྡེའི་གནད་དོན་ཚུ་གི་སྐོར་ལས་ སྐུལ་ཁྱབ་བརྡ་སྤྲོད་དང་ གོ་བརྡ་སྤྲོད་གནང་མི་ལུ་ གསོ་བའི་དྲུང་ཆེན་གྱིས་ བཀྲིན་དགའ་ཚོར་ཞུ་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *