རོ་ཁང་དང་ ཟ་ཁང་ ལུས་རྩལ་ཁང་བཟོ་ནི་ཨིན་མི་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ སྣུམ་འཁོར་བཞག་སའི་ས་ཁོངས།

རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་འོག་ཐོག་ལུ་ རོ་ཁང་དང་ ཟ་ཁང་ ལུས་རྩལ་ཁང་བཟོ་ནི།

༉ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ འོག་ཐོག་ལུ་ ད་ལྟོ་ སྣུམ་འཁོར་བཞག་སའི་ ས་ཁོངས་ཀྱི་སྦོ་ལོགས་ཁར་ རོ་ཁང་དང་ ལས་བྱེདཔ་ཚུ་གི་དོན་ལུ་ ཟ་ཁང་རྐྱབ་ནི་ཨིནམ་མ་ཚད་ ལུས་རྩལ་ཁང་ཚུ་ཡང་ གཞི་བཙུགས་འབད་ནི་ཨིན་པས།
ད་ལྟོ་ སྨན་ཁང་གི་འོག་ཐོག་ལུ་ སྣུམ་འཁོར་བཞག་ས་སྦེ་ ལག་ལེན་འཐབ་དོ་ཡོད་རུང་ སྨན་ཁང་གི་ཟ་ཁང་དང་ རོ་ཁང་ དེ་ལས་ ལུས་རྩལ་ཁང་ཚུ་ བཟོ་ནི་ཨིནམ་ལས་ མི་ཚུ་གིས་ སྣུམ་འཁོར་ཚུ་ བཞག་ནི་མེདཔ་ཨིན་པས།
དེ་ཡང་ སྨན་ཁང་གི་སྡེ་འཛིན་ ཌོག་ཊར་མགོ་གསར་སྤེན་པ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྣུམ་འཁོར་བཙུགས་པའི་སྐབས་ ས་ཁོངས་དེ་ དུམ་གྲ་ཅིག་ གོ་དོག་དྲགས་སྦེ་ཡོད་ནི་དེ་གིས་ མི་བཙུགས་དོ་འོང་ནི་མས་ཟེར་ཨིན་པས།
ས་ཁོངས་དེ་ ད་ལྟོ་སྣུམ་འཁོར་བཙུགས་ནི་ལས་ བཀག་ཆ་འབད་དེ་བཞག་ཡོདཔ་ད་ ཟ་ཁང་དང་ རོ་ཁང་ ལུས་རྩལ་ཁང་ བཙུགས་ནིའི་དོན་ལུ་ བཟོ་སྐྲུན་གྱི་ལཱ་ཚུ་ འགོ་བཙུགས་ཏེ་ཡོད་ཟེར་ ཌོག་ཊར་མགོ་གསར་སྤེན་པ་གིས་ བཤད་ཅི།
སྣུམ་འཁོར་བཞག་སའི་ ས་ཁོངས་ནང་ལས་ སྨན་ཁང་ནང་འགྱོ་སའི་ འཛུལ་སྒོ་ཡོད་མི་དེ་གི་ སྦོ་ལོགས་ཁར་ རོ་ཁང་བཟོ་ནི་ཨིནམ་ད་ རོ་ཁང་དེ་ནང་ མཆོད་བཤམ་ཅིག་ཡང་ བཙུགས་ནི་ཨིན་ཟེར་ཨིན་པས།
དེ་སྦེ་ བཟོ་དགོ་མི་དེ་ཡང་ སྨན་ཁང་ནང་ མི་ཤི་བའི་ཤུལ་ལུ་ དེ་འཕྲོ་ལས་ དུར་ཁྲོད་ནང་ འབག་མ་ཚུགས་མི་ཚུ་གི་དོན་ལུ་ སྨན་ཁང་ནང་བཞག་སྟེ་ སྨོན་ལམ་གཏང་ནི་ཚུ་ འབད་ཚུགས་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
མ་གཞི་ འབྲུག་མི་མང་ཤོས་ཅིག་གིས་ མི་ཤི་ཚརཝ་ཅིག་ དུར་ཁྲོད་ཁར་ འབགཔ་མ་གཏོགས་ རོ་ཁང་ནང་ བཞག་ནི་མེད་རུང་ འཕྲལ་འཕྲལ་དུར་ཁྲོད་གྲ་སྒྲིག་མེདཔ་ད་ བཞག་དགོ་མི་ཚུ་གི་དོན་ལུ་ ཨིན་ཟེར་ཨིན་པས།
མི་ཤི་བའི་ཤུལ་ལས་ ནདཔ་བཞག་སའི་ ས་ཁོངས་ནང་བཞག་སྟེ་ ཕམ་སྤུན་ཆ་དང་ གཉེན་ཉེཝ་ཚུ་ རྔུ་འབདཝ་ད་ སྟབས་བདེ་ཏོག་ཏོ་མེདཔ་ལས་ ད་ལས་ཕར་ རོ་ཁང་ནང་ བཙུགས་ཞིནམ་ལས་ རང་གི་སྔོ་བ་དང་ སྨོན་ལམ་ག་ཅི་ར་བཏང་རུང་ སྟབས་བདེ་ཏོག་ཏོ་འགྱོ་འོང་ཟེར་ སྡེ་འཛིན་གྱིས་ སླབ་ཨིན་པས།
རོ་ཁང་དང་ ཟ་ཁང་བཟོ་སའི་ ས་ཁོངས་དེ་ ཏམ་ཁུ་དང་ ཕྱགས་སྙིགས་རག་རོ་ཚུ་གིས་གང་སྟེ་ ཁམས་ལོགས་སི་སི་སྦེ་ཡོདཔ་ད་ ད་རུང་ མི་ཚུ་གིས་ ཁོང་ར་གིས་ འབད་མི་ཚུ་ མ་ཤེས་པར་ སྨན་ཁང་ཁམས་ལོག་སི་སི་འདུག་ཟེར་ ཁ་བཏང་མི་ཡང་ འདུག་ཟེར་ཨིན་པས།
སྨན་ཁང་གི་ཁ་ཐུག་ལས་ རོ་ཁང་བཟོ་སྐྲུན་གྱི་ རིན་བསྡུར་ཚུ་ཡང་ འབད་ཚར་ཏེ་འདུག།
ད་ལྟོ་ ག་གིས་ཡང་ ལག་ལེན་མ་འཐབ་པར་ཡོད་མི་ ས་ཁོངས་དེ་ སྨན་ཁང་གི་ཁ་ཐུག་ལས་ ཟ་ཁང་དང་ ལུས་རྩལ་ཁང་ བཟོ་སྐྲུན་འབད་ཚར་ཞིནམ་ལས་ དེ་ནང་ སྨན་ཁང་གི་ ལས་བྱེདཔ་ཚུ་མ་གཏོགས་ གཞན་མི་ཚུ་ འོང་མི་ཆོག་ཟེར་ཨིན་པས།
ཟ་ཁང་དེ་ ཁང་གླ་ཁར་བྱིན་པའི་སྐབས་ལུ་ཡང་ ཟ་ཁང་གཞན་ཚུ་བཟུམ་མེན་པར་ གོང་ཚད་མར་ཕབ་སྦེ་ བྱིན་ནི་ཨིན་པའི་ཁར་ བཞེས་སྒོའི་གོང་ཚད་ཐད་ལས་འབད་རུང་ གཞན་མི་ཚུ་བཟུམ་མེན་པར་ ལས་བྱེདཔ་གི་དོན་ལུ་ གོང་ཚད་ཁེ་ཏོག་ཏོ་སྦེ་ བྱིན་དགོཔ་སྦེ་ བཟོ་ནི་ཟེར་ཨིན་པས།
སྨན་ཁང་གི་ གདོང་ཁར་ཡོད་མི་ ཟ་ཚང་ཚུ་ནང་ བཞེས་སྒོའི་རིགས་ཚུ་ གོང་ཚད་མཐོ་དྲགས་སྦེ་ཡོད་ནི་དེ་གིས་ ལས་བྱེདཔ་ཚུ་གིས་ གོང་ཚད་མཐོ་བའི་སྐོར་ལས་ ཉོགས་བཤད་ཚུ་ བཀོདཔ་མས་ཟེར་ཨིན་པས།
སྨན་ཁང་གི་ སྣུམ་འཁོར་བཞག་སའི་ས་ཁོངས་ནང་ ཟ་ཁང་དང་ རོ་ཁང་ ལུས་རྩལ་ཁང་བཟོ་མི་དེ་གིས་ སྣུམ་འཁོར་མ་ཤོང་པའི་དཀའ་ངལ་འཐོན་ནི་ཨིན་པའི་སྐོར་ལས་ མི་སྡེ་བརྡ་བརྒྱུད་ནང་ བཙུགས་ཏེ་འདུག།
ཨིན་རུང་ ཌོག་ཊར་མགོ་གསར་སྤེན་པ་གིས་འབད་བ་ཅིན་ ད་ལྟོ་ ཁོང་གི་ལག་ལེན་འཐབ་ནི་ཨིན་མི་ ས་ཁོངས་དེ་ སྣུམ་འཁོར་དེད་གཡོགཔ་ཚུ་གིས་ ལག་ལེན་འཐབ་མ་བཏུབ་ནི་དེ་གིས་ འབདཝ་མ་གཏོགས་ དེ་གི་གནོད་པ་ ག་ཅི་ཡང་མེད་ཟེར་ཨིན་པས།
དེ་མ་ཚད་ སྨན་ཁང་གི་དོན་ལུ་ སྣུམ་འཁོར་བཞག་སའི་ ས་ཁོངས་སྦོམ་གསུམ་ཡོད་ཟེར་ཨིནམ་ད་ སྨན་ཁང་གི་ཁ་ཐུག་ལས་འབད་རུང་ མི་འོང་ཚད་གཅིགཔ་ལུ་ སྣུམ་འཁོར་བཞག་སའི་ ས་ཁོངས་བྱིན་ནི་དེ་ ལཱ་ཁག་འདུག་ཟེར་ཨིན་པས།
ཌོག་ཊར་གྱིས་འབད་བ་ཅིན་ མི་སྡེའི་འཕྲོད་བསྟེན་དེ་ ས་ཁོངས་གསརཔ་ནང་ སྤོ་བཤུད་འབད་བའི་ཤུལ་ལུ་ སེམས་ཁམས་ཀྱི་ནདཔ་བཞག་སའི་ ས་ཁོངས་དེ་ནང་ སྤོ་བཤུད་འབད་ནི་ཨིནམ་ད་ སེམས་ནདཔ་བཞག་སའི་ ས་ཁོངས་དེ་ཡང་ ཤུལ་ལས་ སྣུམ་འཁོར་བཞག་སའི་ ས་ཁོངས་བཟོ་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ ཁོང་གིས་ འཆར་གཞི་བཟོ་མི་དང་འཁྲིལ་ཏེ་ མ་དངུལ་འཐོབ་ཚུགས་པ་ཅིན་ ཐོག་ཚད་ལེ་ཤ་སྦེ་ཡོད་མི་ སྣུམ་འཁོར་བཞག་སའི་ ས་ཁོངས་བཟོ་སྐྲུན་འབད་ནི་ཨིན་ཟེར་ སླབ་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *