རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ ལས་འཛིན་ལུ་ བསྒྱུར་བཅོས་ཀྱི་སྐོར་ གཞུང་ལས་དོགས་སེལ།

༉ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ ལས་འཛིན་ལུ་བསྒྱུར་བཅོས་འབད་ནི་ཨིན་པའི་སྐོར་ ལོ་རྒྱུས་ཐོན་མི་དེ་གིས་ སྤྱིར་བཏང་མི་མང་དང་ ལྡོག་ཕྱོགས་ཚོགས་པ་གིས་ གསོ་བའི་ཞབས་ཏོག་ཚུ་ རིན་མེད་སྟོང་པར་ མི་འཐོབ་ནི་མས་ཟེར་ གོ་བ་བརྡ་ལོག་ལེན་ཡོདཔ་མ་ཚད་ མི་སྡེ་བརྡ་བརྒྱུད་ཚུ་ནང་ལས་ཕར་ཡང་ བསམ་འཆར་འདྲ་མིན་སྣ་ཚོགས་བཀོད་ནུག་ཟེར་ གཞུང་གིས་ གནས་ཚུལ་གསར་བཏོན་འབད་མིའི་ནང་ གསལ་བཀོད་འབད་ནུག།
གཞུང་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་དེ་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་༩ པའི་དོན་ཚན་༢༡ ནང་ རྒྱལ་ཁམས་ཀྱི་ དེང་རབས་དང་ སྔར་སྲོལ་གསོ་དཔྱད་ཀྱི་ཐོག་ལས་ མི་དམངས་གསོ་བའི་གཞིས་གནས་ཞབས་ཏོག་ཚུ་ སྟོང་པར་འཐོབ་ཚུགསཔ་བཟོ་དགོ་ཟེར་མི་ དགོངས་དོན་དང་འཁྲིལ་ཏེ་ཨིནམ་ལས་ གཞུང་གི་ཁ་ཐུག་ལས་ དུས་ནམ་ར་འབད་རུང་ དེ་དང་འཁྲིལ་ཏེ་ར་ ལག་ལེན་འཐབ་ནི་ཟེར་ཨིན་པས།
ད་ལྟོ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ གསོ་བའི་ཞབས་ཏོག་སྤྲོད་ནི་དང་ མི་སྟོབས་ཀྱི་དཀའ་ངལ་ཚུ་ སེལ་ནིའི་དོན་ལུ་ བསྒྱུར་བཅོས་འབད་དགོཔ་འདུག་ཟེར་མནོ་སྟེ་ ལས་འཛིན་ལུ་ བསྒྱུར་བཅོས་འབད་བ་ཅིན་ཟེར་བའི་ གྲོས་འཆར་བཀོད་མི་དེ་ དེ་ལས་བརྟེན་ཏེ་ཨིན་ཟེར་ཨིན་པས།
གཞུང་གིས་ གྲོས་འཆར་བཀོད་དགོ་མི་དེ་ཡང་ སྨན་ཁང་དེ་ ལས་འཛིན་ལུ་ བསྒྱུར་བཅོས་འབད་བ་ཅིན་ ཁོང་རའི་འོང་འབབ་ལེགས་ཤོམ་བཟོ་སྟེ་ གསོ་བའི་མཁས་མཆོག་ཚུ་གིས་ ལཱ་གཡོག་ནང་ལས་ དགོངས་ཞུ་མི་འགྱོ་ནིའི་ ཐབས་ལམ་བཏོན་ཚུགས་ནི་ དེ་ལས་ གསོ་བའི་ཞབས་ཏོག་ཚུ་ ལེགས་ཤོམ་སྤྲོད་ཚུགས་ནི་ནང་ ཁེ་ཕན་འོང་ནི་མས་ཟེར་མནོ་སྟེ་ ཨིནམ་སྦེ་བཀོད་ནུག།
ད་རུང་ ལས་འཛིན་བཟོ་ནི་ཨིན་ཟེར་བའི་སྐབས་ མི་མང་གསོ་བའི་མཐུན་རྐྱེན་དང་ ཞབས་ཏོག་ཚུ་ སྒེར་སྡེ་སྦེ་ བཟོ་ནི་གི་ དམིགས་ཡུལ་མེནམ་མ་ཚད་ ཚོང་འབྲེལ་གྱི་དོན་ལུ་དང་ ནདཔ་ཚུ་གིས་ གསོ་བའི་ཞབས་ཏོག་སྤྱོད་མི་དེ་གིས་ ཏི་རུ་ཕོག་ནི་ལ་སོགས་པ་མེན་ཟེར་ཨིན་པས།
གཞུང་གིས་འབད་བ་ཅིན་ མི་སེར་ཚུ་གི་ཐད་ཁར་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གིས་ མི་སེར་ཡོངས་ལུ་ འདྲ་མཉམ་དང་དྲང་བདེན་གྱི་ཐོག་ལས་ར་ གསོ་བའི་ཞབས་ཏོག་ཚུ་ བྱིན་འོང་ཟེར་ཨིན་པས།
གཞུང་གིས་འབད་རུང་ མི་སེར་གྱི་མཐའ་དོན་ལུ་ གཟིགས་གནང་དོ་ཡོདཔ་ལས་ མི་མང་གསོ་བའི་ གཞི་རྟེན་ཞབས་ཏོག་དེ་ རིན་མེད་སྟོང་པར་སྦེ་ འཐོབ་ནི་ལུ་ ནམ་ཡང་ཐོ་ཕོག་མི་བཅུག་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་ནུག།
ལས་འཛིན་བཟོ་བ་ཅིན་ཟེར་མི་ གྲོས་འཆར་དེ་གི་ དམིགས་དོན་དེ་ར་ ད་ལྟོ་སྨན་ཁང་ནང་ གསོ་བའི་མཁས་མཆོག་མ་ལང་པའི་དཀའ་ངལ་ ཐོན་ཡོད་མི་ཚུ་ ཁོང་ར་གིས་སྦེ་ སེལ་ཚུགས་ནི་གི་ གོ་སྐབས་ཅིག་དང་ གསོ་བའི་ཞབས་ཏོག་གི་ སྤུས་ཚད་ཚུ་ ལེགས་བཅོས་འབད་ཐབས་ལུ་ཨིན་ཟེར་ཨིན་པས།
གཞུང་གིས་ ཐག་བཅད་ནིའི་ཐད་ཁར་ལྷོདཔ་ད་ རྒྱལ་ཁམས་ཀྱི་སྲིད་བྱུས་དང་ ཁྲིམས་ལུགས་ རྩ་ཁྲིམས་ཆེན་མོ་ཚུ་ལུ་ ཆ་བཞག་ཞིནམ་ལས་ འབད་འོང་ཟེར་ཨིན་པས།
ལྡོག་ཕྱོགས་ཚོགས་པ་གིས་ ག་དེམ་ཅིག་སྦེ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དེ་ ལས་འཛིན་ལུ་ བསྒྱུར་བཅོས་འབད་བ་ཅིན་ དེ་གིས་ རྒྱལ་ཁམས་ཀྱི་སྲིད་བྱུས་དང་ རྩ་ཁྲིམས་ཆེན་མོའི་དགོངས་དོན་ལས་ འགལ་བ་ཨིནམ་སྦེ་ གནས་ཚུལ་གསར་བཏོན་འབད་མི་དེ་གི་ ལན་སྦེ་ཨིན་པས།
གསོ་བའི་མཁས་མཆོག་ཚུ་གིས་ གཡོག་བཤོལ་བཞག་སྟེ་ མི་འགྱོ་ནིའི་དོན་ལུ་ ཐིམ་ཕུག་སྨན་ཁང་ ལས་འཛིན་ལུ་ བསྒྱུར་བཅོས་འབད་ནི་དེ་ ལེགས་ཤོམ་མེདཔ་མ་ཚད་ དངུལ་ཕོགས་དང་འཐུས་ བྱིན་མ་ཚུགས་མི་དེ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་ དངུལ་ཕོགས་ལྷན་ཚོགས་གཉིས་ལུ་ཨིན་ཟེར་ ཧས་བཏགས་འཕུལ་ནི་དེ་ གཞུང་གི་འཛོལ་བ་ཨིན་ཟེར་ཨིན་པས།
དངུལ་ཕོགས་དང་འཐུས་ག་ཅི་ར་ཨིན་རུང་ དེ་གི་དབང་ཚད་དེ་ སྤྱི་ཚོགས་ལུ་ཨིན་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་ནུག།
འབྲུག་ཕུན་སུམ་ཚོགས་པ་གིས་འབད་བ་ཅིན་ ད་ལྟོ་ གཞུང་གི་ཁ་ཐུག་ལས་ གསོ་བའི་མཁས་མཆོག་ཚུ་གིས་ ལཱ་གཡོག་བཀོག་བཞག་སྟེ་ དགོངས་ཞུ་མི་འགྱོ་ནིའི་ཐབས་ལམ་ལུ་ སྨན་ཁང་དེ་ ལས་འཛིན་སྦེ་ བཟོ་ནི་ཨིན་ཟེར་ ཧས་བཏགས་ཕུལ་དོ་ཡོདཔ་ཨིན་རུང་ མ་གཞི་ ཁོང་གི་དམིགས་དོན་དེ་ མི་སྡེ་འཕྲོད་བསྟེན་དང་མཐུན་རྐྱེན་ དེ་ལས་ཞབས་ཏོག་ཚུ་ སྒེར་སྡེ་སྦེ་ བཟོ་ནི་མས་ཟེར་ཨིན་པས།
གཞུང་གིས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ ལས་འཛིན་ལུ་ བསྒྱུར་བཅོས་འབད་ནི་སྦེ་ ཐག་བཅད་པ་ཅིན་ མ་འོངས་པ་ལུ་ གཞུང་དང་རྒྱལ་ཁབ་ལུ་ སྟབས་མ་བདེཝ་འཐོན་ནི་ཨིནམ་མ་ཚད་ མི་སེར་ཡོངས་ཀྱིས་ མི་སྡེ་འཕྲོད་བསྟེན་ཞབས་ཏོག་ཚུ་ འདྲ་མཉམ་སྦེ་ སྤྱོད་ནི་ལུ་ཡང་ ཐོ་སྦོམ་ཕོག་འོང་ཟེར་ཨིན་པས།
མི་ཕྱུགཔོ་དང་ སྤྱང་ཀའི་བར་ན་ཡང་ ཁྱད་པར་སྦོམ་འཐོན་ནི་ཨིནམ་མ་ཚད་ མི་སེར་སྤྱང་ཀ་ཚུ་གིས་ གསོ་བའི་ཞབས་ཏོག་སྤྱོད་ཚུགས་ནིའི་ དཀའ་ངལ་ཚུ་ཡང་ འཐོན་འོང་ཟེར་ཨིན་པས།
གཞུང་གི་ཁ་ཐུག་ལས་ གནད་དོན་རེ་རེ་བཞིན་དུའི་ ལན་གསལ་ཚུ་ གནས་ཚུལ་གསར་བཏོན་ནང་ བཀོད་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …

Leave a Reply

Your email address will not be published. Required fields are marked *