རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱིས་ ན་གཞོན་༢༢༠ ལུ་ ལཱ་གཡོག་སྤྲོད་ནི།

༉ ལཱ་གཡོག་གི་ གོ་སྐབས་བཟོ་ནི་དང་ ལཱ་གཡོག་འཚོལ་མི་ཚུ་གིས་ ལཱ་དང་འབྲེལ་བའི་ རིག་རྩལ་འཐོབ་ནི་ལུ་དམིགས་ཏེ་ ཁ་ཙ་ ལས་གཡོག་ལྷན་ཁག་ ལཱ་གཡོག་མི་སྟོབས་ལས་ཁུངས་དང་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་༢ ཀྱི་བར་ན་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཅི།
ཆིངས་ཡིག་དང་འཁྲིལ་ ལས་འཛིན་གྱིས་ ལས་གཡོག་ལྷན་ཁག་ལུ་ ལཱ་གཡོག་གི་ ཐོ་བཀོད་འབད་མི་ ན་གཞོན་༢༢༠ ལུ་ སྤྱི་ཟླ་༥ པ་ལས་ ལཱ་གཡོག་སྤྲོད་ཚུགས་ནི་ཨིན་པས།
ལས་རིམ་དེ་ཡང་ ཐད་ཀར་ལཱ་གཡོག་ལམ་ལུགས་ཀྱི་ ཆ་ཤས་ཅིག་ཨིནམ་བཞིན་དུ་ ལམ་ལུགས་དེ་གི་ཐོག་ལས་ ལཱ་གཡོག་འཚོལ་མི་ ན་གཞོན་ཚུ་ལུ་ གཞུང་དབང་ལས་འཛིན་དང་ ལས་འཛིན་ དེ་ལས་ སྒེར་སྡེ་ཚུ་ནང་ ལཱ་གཡོག་སྤྲོད་དོ་ཡོདཔ་ཨིན་པས།
ལས་གཡོག་ལྷན་ཁག་གི་ ལཱ་འགན་གཙོ་བོ་ར་ འཇོན་ཐངས་ཅན་གྱི་ ལཱ་གཡོག་ཞབས་ཏོག་ཐོག་ལུ་ ཁེ་ཕན་ཅན་གྱི་ ལཱ་གཡོག་གི་ རྒྱབ་སྐྱོར་ཡར་དྲག་གཏང་ནི་དེ་ཨིནམ་ལས་ ཐད་ཀར་ལམ་ལུགས་ཐོག་ལས་ གཞུང་དབང་གི་ ལས་འཛིན་ཚུ་དང་གཅིག་ཁར་ མཉམ་འབྲེལ་འབད་དོ་ཡོདཔ་ཨིན་པས།
ཆིངས་ཡིག་དེ་ཡང་ ལོ་༢ ཀྱི་དོན་ལུ་ཨིནམ་ད་ ལྷན་ཁག་གིས་ ལས་འཛིན་ནང་ལས་ཕར་ ན་གཞོན་ཚུ་ལུ་ ལཱ་གཡོག་གི་ གོ་སྐབས་བྱིན་ཡོད་རུང་ ད་རེས་བཟུམ་སྦེ་ ན་གཞོན་ལེ་ཤ་སྦེ་ ལཱ་གཡོག་ནང་ བཙུགས་མི་དེ་ འགོ་དང་པ་ཨིན་པས།
ལྷན་ཁག་གི་ འཕྲུལ་རིག་ཤེས་ཡོན་ལས་ཁུངས་ཀྱི་མདོ་ཆེན་ ནོར་བུ་དབང་ཕྱུག་གིས་ སླབ་མིའི་ནང་ ཆིངས་ཡིག་དེ་ལུ་བརྟེན་ བཟོ་སྐྲུན་ལས་སྡེ་ཚུ་ ཁྱད་རིག་དང་ལྡནམ་སྦེ་ བཟོ་ནི་དང་ ལྷན་ཁག་དང་ བཟོ་གྲྭ་ཁང་གི་བར་ན་ མཉམ་འབྲེལ་བཟོ་ཐབས་ལུ་ཨིན་ཟེར་ཨིན་པས།
རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ འཕྲིན་ལས་རྡོ་རྗེ་གིས་ སླབ་མིའི་ནང་ ན་གཞོན་ཚུ་ཡང་ ལས་འཛིན་གྱི་ ཚོང་འབྲེལ་པའི་ཞབས་ཏོག་སྤྲོད་མི་དང་ རྩིས་འཛིན་པ་ ཞི་བའི་བཟོ་རིགཔ་ གློག་མེ་བཟོ་རིགཔ་ ལཱ་བཀོདཔ་ རྡོ་བཟོ་བོ་ ཤིང་བཟོ་བོ་ ཆུ་དུང་བཅོ་མི་ དེ་ལས་ སློབ་རིམ་༡༠ པ དང་༡༢ པ་མཐར་འཁྱོལ་མི་ཚུ་ བཟོ་སྐྲུན་འཕྲུལ་རིག་ནང་ གཡོག་སྦྱོང་སྦེ་ བཙུགས་ནི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གོ་བརྡའི་ཆིངས་ཡིག་ལུ་བརྟེན་ ན་གཞོན་ཚུ་ལུ་ ལཱ་གཡོག་སྤྲོད་ཚུགསཔ་མ་ཚད་ སྦྱོང་བརྡར་ཚུ་ཡང་ བྱིན་ཚུགས་ནི་མས་ཟེར་ཨིནམ་ད་ ན་གཞོན་ཚུ་གིས་འབད་རུང་ ཁོང་ར་ ཚོང་འབྲེལ་པ་འབད་ནི་ཡང་ གོ་སྐབས་འཐོབ་ཚུགས་ནི་མས་ཟེར་ཨིན་པས།
བཀོད་ཁྱབ་གཙོ་འཛིན་འགོ་དཔོན་གྱིས་འབད་བ་ཅིན་ ན་གཞོན་ཚུ་ལུ་ ལཱ་ལུ་སེམས་ཤུགས་བསྐྱེད་བཅུག་ཐབས་ལུ་ ལས་འཛིན་གྱི་ ཁེ་སང་ལས་ བརྒྱ་ཆ་དག་པ་ཅིག་ ཁོང་ལུ་ བྱིན་ནི་གི་ ལམ་ལུགས་ཅིག་ཡང་ བཟོ་སྟེ་ཡོད་ཟེར་ཨིན་པས།
ལས་ཁུངས་ཀྱི་ ལས་རིམ་འཛིན་སྐྱོང་པ་ ཀརྨ་རྡོ་རྗེ་གིས་ ལས་འགུལ་གྱི་དོན་ལུ་ དངུལ་ཀྲམ་ས་ཡ་༤༣.༦༤ དེ་ཅིག་ བགོ་བཀྲམ་འབད་དེ་ཡོདཔ་བཞིན་དུ་ བཟོ་རིག་འགོ་དཔོན་ཚུ་ལུ་ ཟླ་རིམ་དངུལ་ཕོགས་ཡང་ ལྷན་ཁག་དང་ ལས་འཛིན་༢ ཀྱིས་ བགོ་བཤའ་ཐོག་ལུ་ བྱིན་ནི་ཨིན་ཟེར་ བཤདཔ་ཨིན་པས།
ལས་འཛིན་གྱིས་ ལཱ་གཡོག་གི་ གོ་སྐབས་བྱིན་ཏེ་འབད་རུང་ འཛུལ་ཞུགས་འབད་མི་ ག་དེ་སྦེ་ འོང་ག་ཟེར་ ཚ་གྱང་ཡོདཔ་བཞིན་དུ་ ལོ་༢ ཀྱི་ཤུལ་ལས་ ལཱ་གཡོག་ནང་འཛུལ་མི་ ན་གཞོན་ཚུ་ ལས་འཛིན་གྱིས་ ཁོང་རའི་ ཡིག་ཚང་ནང་ གཏན་འཇགས་སྦེ་ བཙུགས་ནི་སྦེ་ ཁ་བཟེད་དེ་ཡོད་ཟེར་ ལས་རིམ་འཛིན་སྐྱོང་པ་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *