༉ ད་རིས་དང་ ནངས་པར་ ཕུན་ཚོགས་གླིང་ལུ་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱིས་ བཟོ་སྐྲུན་འབད་ཡོད་པའི་ སྒྲིང་ཁྱིམ་ཁང་ཚན་༥༠༦ ནང་ ཁང་གླ་ཁར་སྡོད་ནིའི་དོན་ལུ་ ཇའེ་སྒང་ལུ་སྡོད་མི་ འབྲུག་མི་༧༢༥ གིས་ ཁ་རྗེ་གདམ་འཐུ་ནང་ བཅའ་མར་གཏོགས་ནི་ཨིན་པས།
རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ འཕྲིན་ལས་རྡོ་རྗེ་གིས་ སླབ་མིའི་ནང་ སྡོད་ཁྱིམ་ཁང་ཚན་༥༠༦ ག་ར་ ད་རེས་སྟབས་གཅིག་ཁར་ བགོ་བཀྲམ་འབད་ནི་ཨིན་རུང་ ཁང་གླ་ཁར་སྡོད་མི་ ལ་ལོ་ཅིག་གིས་ ཤུལ་མ་རྐྱངམ་གཅིག་ སྤོ་བཤུད་འབད་འོང་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁྱིམ་བགོ་བཀྲམ་འབད་མིའི་ ཚོགས་ཆུང་དང་གཅིག་ཁར་ གྲོས་བསྡུར་ཞལ་འཛོམས་ཅིག་ འཚོགས་ཞིནམ་ལས་ ད་རིས་དང་ ནངས་པར་ ཉིན་མའི་ལྟོ་ཟ་ཞིནམ་ལས་ ཁང་ཚན་ཚུ་ བགོ་བཀྲམ་འབད་ནི་ཟེར་ཨིན་པས།
སྤྱི་ལོ་༢༠༡༩ གི་ ཟླ་དང་པའི་ནང་ལས་ མི་མང་ཤོས་ར་ ཁང་ཚན་གསརཔ་ཚུ་ནང་ སྤོ་བཤུད་འབད་འོང་ཟེར་ཨིནམ་ད་ ད་ལྟོ་ གྲ་སྒྲིག་མ་སོང་པར་ཡོད་མི་ ཁང་ཚན་༡༠༠ དེ་ཡང་ སྤྱི་ཟླ་༢ པའི་ནང་ བསྒྲུབ་ནི་ཨིནམ་ལས་ བགོ་བཀྲམ་འབད་འོང་ཟེར་ཨིན་པས།
སྒྲིང་ཁྱིམ་དང་ ཁང་ཚན་གྱི་ ཐོག་ཚད་དང་འཁྲིལ་ ཁྱིམ་གྱི་ཁང་གླ་ཡང་ དངུལ་ཀྲམ་༤༥༠༠ དང་༦༥༠༠ གི་བར་ན་ འོང་ནི་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཕུན་ཚོགས་གླིང་ལུ་ སྡོད་ཁྱིམ་མ་ལང་པའི་ དཀའ་ངལ་སེལ་ནིའི་ ཐུགས་བཞེད་གནང་དོན་ལྟར་ ཟད་འགྲོ་གཏང་ཚུགས་པའི་ སྒྲིང་ཁྱིམ་བཟོ་སྐྲུན་གྱི་ ལས་འགུལ་དེ་ སྤྱི་ལོ་༢༠༡༦ ཟླ་༧ པའི་ནང་ འགོ་བཙུགས་ཡོདཔ་བཞིན་དུ་ ས་གོ་ཁག་༡༠ ནང་ སྒྲིང་ཁྱིམ་༦༢ བཟོ་སྐྲུན་འབད་མིའི་ནང་ ཁང་ཚན་༥༠༦ ཡོདཔ་ད་ ལས་འགུལ་དེ་གི་དོན་ལུ་ གཞུང་གིས་ ཟད་འགྲོ་དངུལ་ཀྲམ་ས་ཡ་༨༩༠ གནང་ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༧ པའི་ནང་ ལས་འགུལ་དེ་ ཨ་མོ་ཆུ་ལུ་ཡོད་པའི་ སྒྲིང་ཁྱིམ་བཟོ་སྐྲུན་གྱི་ ས་ཁོངས་ནང་སྦེ་ འགོ་འབྱེད་འབད་ཡོདཔ་ད་ དེ་གི་སྐབས་ སྤྱི་ཟླ་༨ པའི་ནང་ སྒྲིང་ཁྱིམ་བགོ་བཀྲམ་འབད་ནི་ཟེར་བའི་ གསལ་བསྒྲགས་འབད་ཡོད་རུང་ གསལ་བསྒྲགས་དང་འཁྲིལ་ ལག་ལེན་བསྟར་སྤྱོད་ འབད་མ་ཚུགས་པས།
ས་མཚམས་ས་གནས་ ཇའེ་སྒང་ལུ་སྡོད་མི་ཚུ་ སྒྲིང་ཁྱིམ་གསརཔ་གི་དོན་ལུ ཞུ་ཡིག་བཙུགས་ཡོདཔ་ལས་ ག་ར་སག་ལང་སྟེ་ བསྒུག་སྡོད་ཡོདཔ་ཨིན་པས།
ཞི་གཡོགཔ་ཅིག་གིས་ ཀུན་གསལ་ལུ་བཤད་མིའི་ནང་ མོ་ར་ ས་མཚམས་ཀྱི་ ཕྱི་ཁར་སྡོད་པའི་སྐབས་ ཁྱིམ་ནང་ལས་ ཕྱི་ཁར་འཐོན་འགྱོ་ནི་དེ་ ཚ་གྱང་ཅན་ཅིག་སྦེ་ སྡོད་དགོ་པས་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ མོ་གི་ལཱ་དེ་ ཉིན་བསྟར་བཞིན་དུ་ ས་མཚམས་ཀྱི་མི་ཚུ་དང་ འབྲེལ་བ་འཐབ་དགོཔ་ལས་ ཉེན་ཁ་ཆེ་བས་ཟེར་ཨིནམ་ད་ མོ་དང་ བཟའ་ཚང་ཚུ་ སྡོད་སའི་ ཉལ་ཁང་གཅིག་འབད་མི་ ཁང་ཚན་དེ་ལུ་ ཟླ་རིམ་བཞིན་དུ་ ཁང་གླ་དངུལ་ཀྲམ་༥,༠༠༠ རེ་ སྤྲོད་པའི་ཁར་ གློག་མེ་ཡུ་ནེཊ་རེ་ལུ་ དངུལ་ཀྲམ་༡༢ རེ་ སྤྲོད་དགོཔ་ལས་ ཟླ་རིམ་བཞིན་དུ་ གློག་མེའི་སྤྱོད་འཐུས་ དངུལ་ཀྲམ་༡༦༠༠ ལས་༡༨༠༠ གི་བར་ན་ སྤྲོད་དགོ་ཟེར་ཨིན་པས།
རྒྱ་གར་གྱི་ས་གནས་ གུམ་བཱ་ལམ་ལུ་སྡོད་མི་ ནང་གི་ཨམ་ ཡེ་ཤེས་ཆོས་སྒྲོན་གྱིས་ སླབ་མིའི་ནང་ ས་མཚམས་ཕྱི་ཁར་སྡོད་དེ་ ལོ་༩ ལང་ཡི་ཟེར་ཨིནམ་ད་ ད་ལྟོ་ཚུན་ མོ་དང་ བཟའ་ཚང་ཚུ་ལུ་ ཉེན་སྲུང་དང་འབྲེལ་བའི་ གནད་དོན་ག་ནི་ཡང་ མ་བྱུང་ཟེར་ཨིན་པས།
མོ་གིས་ ད་རེས་ ཟད་འགྲོ་གཏང་ཚུགས་པའི་ ཁང་ཁྱིམ་གཅིག་འཐོབ་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་ད་ ད་རེས་ མོ་སྡོད་མིའི་ཁང་ཚན་དེ་ལུ་ ཟླ་རིམ་བཞིན་དུ་ ཁང་གླ་ དངུལ་ཀྲམ་༣༥༠༠ དང་ གློག་མེའི་སྤྱོད་འཐུས་ དངུལ་ཀྲམ་༡,༣༠༠ ལས་༡,༤༠༠ གི་བར་ན་ སྤྲོད་དོ་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་ལུ་སྡོད་མི་ཚུ་ལུ་ གདོང་ལེན་སྦོམ་ཤོས་ར་ སྒྲིང་ཁྱིམ་མ་ལང་པའི་ དཀའ་ངལ་དེ་ཨིནམ་ད་ རྒྱ་སྐྱེད་འབད་ནིའི་ ས་གོ་ལངམ་སྦེ་ མེད་མི་ལུ་བརྟེན་ ཕུན་ཚོགས་གླིང་ཁྲོམ་སྡེ་ལུ་ སྒྲིང་ཁྱིམ་མེད་པའི་ཁར་ སྒྲིང་ཁྱིམ་ཡོད་མི་ཚུ་ཡང་ འོང་འབབ་ཆུང་བ་ཚུ་གིས་ ཟད་འགྲོ་བཏང་སྟེ་ སྡོད་མི་ཚུགསཔ་ཨིན་པས།
ཇའེ་སྒང་གི་ ས་མཚམས་ཁར་ སྡོད་ཁྱིམ་འཚོལ་ཏེ་སྡོད་ནི་དེ་ ཉེན་སྲུང་ཅན་ཅིག་ མེནམ་ཨིན་པའི་གནས་ཚུལ།

རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱི་ སྡོད་ཁྱིམ་ཚུ།