རྒྱལ་འཛིན་ཤེས་རིག་ཚོགས་སྡེ་ ཤེས་རིག་ལྷན་ཁག་དང་གཅིག་ཁར་ མཉམ་བསྡེབས་འབད་ཡོདཔ།

༉ སྤ་རོ་ལུ་ཡོད་མི་ རྒྱལ་འཛིན་ཤེས་རིག་ཚོགས་སྡེ་དེ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ལས་ཚོགས་གོང་འཕེལ་ལག་ལེན་དང་འཁྲིལ་ཏེ་ ཤེས་རིག་ལྷན་ཁག་དང་གཅིག་ཁར་ མཉམ་བསྡེབས་འབད་ནུག།

དེ་ཡང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཐག་བཅད་ཡོདཔ་བཞིན་དུ་ རྒྱལ་འཛིན་ཤེས་རིག་ཚོགས་སྡེ་དེ་ ལྷན་ཁག་འོག་ལུ་ རྩ་གཞུང་དང་ ཁྱད་རིག་གོང་འཕེལ་ལས་ཁུངས་ཅིག་སྦེ་ གཞི་བཙུགས་འབད་ནི་ཨིན་པས།

རྒྱལ་འཛིན་ཤེས་རིག་ཚོགས་སྡེའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཚོགས་སྡེ་དེ་ དུས་ཅི་ སྤྱི་ཟླ་དང་པའི་ནང་ ཤེས་རིག་ལྷན་ཁག་དང་གཅིག་ཁར་ མཉམ་བསྡེབ་འབད་ནི་སྦེ་ ཐག་བཅད་ཡོདཔ་བཞིན་དུ་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ཆ་འཇོག་འབད་ནུག།

དེ་གི་ཤུལ་ལས་ སྤྱི་ཟླ་༤ པའི་ནང་ ཤེས་རིག་ལྷན་ཁག་གིས་ ཚོགས་སྡེ་དེ་ སྤ་རོ་ལས་ ཐིམ་ཕུག་ལུ་ སྤོ་བཤུད་འབད་དགོཔ་སྦེ་ཡོད་རུང་ ཚོགས་སྡེའི་ལས་བྱེདཔ་ཚུ་གིས་ སྤྱི་ཟླ་༡༢ པའི་ནང་ སྤོ་བཤུད་འབད་ནི་སྦེ་ ཞུ་བ་འབད་ཡི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཡིག་ཚང་དེ་ སྤ་རོ་ལས་ ཐིམ་ཕུག་ལུ་ སྤོ་བཤུད་འབད་དགོ་པའི་ བཀའ་རྒྱ་ལྷོད་ཡོདཔ་མ་གཏོགས་ ཚོགས་སྡེའི་ལས་བྱེདཔ་ཚུ་ དེ་ནང་ར་ བཞག་ནི་ཨིན་ན་མེན་ནའི་ གཏན་འཁེལ་ཅིག་ མིན་འདུག་ཟེར་ཨིན་པས།

ཨིན་རུང་ ཚོགས་སྡེའི་ཡིག་ཚང་དེ་ ཐིམ་ཕུག་ལུ་ སྤོ་བཤུད་བའི་ཤུལ་ལས་རྐྱངམ་གཅིག་ ལེགས་ཤོམ་སྦེ་ ཤེས་ཚུགས་ནི་མས་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

ད་ལྟོ་ རྒྱལ་འཛིན་ཤེས་རིག་ཚོགས་སྡེ་དེ་ སྤ་རོ་ལུ་ སྒེར་གྱི་སྒྲིང་ཁྱིམ་ཅིག་ནང་ གཞི་བཙུགས་འབད་དེ་ཡོདཔ་ཨིན་པས།

གནས་ཚུལ་བཤད་མི་ཚུ་གིས་ སླབ་མིའི་ནང་ ཤེས་རིག་ལྷན་ཁག་གིས་ གནད་དོན་ག་ཅི་ལུ་བརྟེན་ ཐིམ་ཕུག་ལུ་ སྤོ་བཤུད་འབད་དགོཔ་སྦེ་ སླབ་ཡོདཔ་ཨིན་ན་ ལེགས་ཤོམ་ཅིག་ ཧ་གོ་མ་ཚུགས་ཟེར་ཨིན་པས།

ལས་ཁུངས་ནང་ སློབ་དཔོན་དང་ཁྱད་རིག་རྒྱབ་སྐྱོར་ལས་སྡེ་དེ་ཡང་ མཉམ་བསྡེབ་འབད་ནིའི་ ལས་འཆར་ཡོདཔ་བཞིན་དུ་ ལས་ཁུངས་ནང་ ལས་སྡེ་༥ དང་ ཁྱད་རིག་ཅན་གྱི་ འགོ་འཛིན་ཅིག་དགོ་པའི་ ཤེས་རིག་ལྷན་ཁག་ལུ་ ཞུ་བ་འབད་དེ་ཡོད་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

རྒྱལ་འཛིན་ཤེས་རིག་ཚོགས་སྡེ་དེ་ སྤྱི་ལོ་༢༠༡༤ ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་འོག་ལུ་ ཤེས་རིག་ལྷན་ཁག་གི་ རྩ་གཞུང་དང་ཞིབ་འཚོལ་གོང་འཕེལ་ལས་ཁུངས་དང་ མཉམ་བསྡེབས་འབད་དེ་ རང་དབང་ཅན་གྱི་ གཙུག་སྡེ་ཅིག་སྦེ་ གཞི་བཙུགས་འབད་ནུག།

རང་དབང་ཅན་གྱི་གཙུག་སྡེ་གིས་ ཤེས་རིག་ཞིབ་འཚོལ་དང་ རྩ་གཞུང་ དེ་ལས་ སློབ་དཔོན་གྱི་ ཁྱད་རིག་དང་འབྲེལ་བའི་གནད་དོན་ཚུ་གི་ ལཱ་འགན་འབག་ཡོདཔ་ད་ ཚོགས་སྡེ་དེ་ ཤེས་རིག་ལྷན་ཁག་འོག་ལུ་ མཉམ་བསྡེབས་འབད་ཡོདཔ་མ་གཏོགས་ འགན་ཁུར་དང་ འགན་འཁྲི་ཚུ་ལུ་ བསྒྱུར་བཅོས་མེདཔ་ཨིན་པས།

ཨིན་རུང་ ཚོགས་སྡེ་གིས་ ལོ་༧ གྱི་རིང་ རང་དབང་ཐོག་ལས་ ལཱ་ཚུ་འབད་ཡོད་རུང་ ད་ལས་ཕར་ ཧེ་མ་བཟུམ་སྦེ་མེན་པར་ ཤེས་རིག་དང་འབྲེལ་བའི་ ལཱ་ཚུ་ག་ཅི་ར་འབད་རུང་ ཤེས་རིག་ལྷན་ཁག་གི་ བཀའ་རྒྱ་དང་འཁྲིལ་ཏེ་ འབད་དགོ་ནི་ཨིན་པས།

ད་རེས་ རྒྱལ་འཛིན་ཤེས་རིག་ཚོགས་སྡེ་གིས་ བསྐྱར་ཞིབ་དང་ གསར་གཏོད་ དེ་ལས་ སློབ་གྲྭ་ཚུ་གི་དོན་ལུ་ འབྲེལ་ཡོད་རྩ་གཞུང་དང་ སློབ་སྟོན་ལྷབ་སྦྱང་གི་མཁོ་ཆས་ཚུ་ བཟོ་དོ་ཡོད་པའི་ཁར་ སློབ་གྲྭའི་རྩ་གཞུང་ཚུ་ འཇོན་ཐངས་ཅན་སྦེ་ ལག་ལེན་འཐབ་ནིའི་དོན་ལུ་ སློབ་དཔོན་ཚུ་ལུ་ ཁྱད་རིག་གོང་འཕེལ་གྱི་ ལས་རིམ་རྒྱབ་སྐྱོར་ཚུ་ འབད་དོ་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ རྩ་གཞུང་དང་ ལམ་སྟོན་གྱི་ ཞིབ་འཚོལ་དང་ དབྱེ་ཞིབ་དང་བརྟག་ཞིབ་ སླབ་དཔོན་ཤེས་ཡོན་ དེ་ལས་ ཤེས་རིག་དང་འབྲེལ་བའི་ སྲིད་བྱུས་ཚུ་གུ་ ཞིབ་འཚོལ་འབད་བའི་ཁར་ ཐབས་རིག་མཁས་མཆོག་གི་རྒྱབ་སྐྱོར་དང་ འབྲེལ་ཡོད་ནང་འཁོད་དང་ རྒྱལ་སྤྱིའི་གྲལ་གཏོགས་འབད་མི་ཚུ་དང་ མཉམ་འབྲེལ་ཐོག་ལས་ ལཱ་འབད་དོ་ཡོདཔ་ཨིན་པས།

རྒྱལ་འཛིན་ཤེས་རིག་ཚོགས་སྡེ་དེ་ ཤེས་རིག་ལེགས་བསྒྱུར་གྱི་དོན་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀའ་རྒྱ་གནང་སྟེ་ སྤྱི་ལོ་༢༠༠༧ ཟླ་༨ པའི་ནང་ གཞི་བཙུགས་འབད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *