༉ ལོ་གསུམ་གྱི་ཧེ་མར་ འབྲུག་རྒྱལ་ཁབ་ཀྱི་ ལ་གོང་གསུམ་གྱི་ མི་སྡེ་ཚུ་གི་ནང་ལས་ཡང་ དམིགས་བསལ་དུ་ མགར་ས་རྫོང་ཁག་ ལ་ཡ་དེ་ མཐའ་ཟུར་གྱི་ ས་གནས་ཅིག་སྦེ་ གནས་ཡོདཔ་ལས་ འབྲུག་མི་མང་ཤོས་ཅིག་གིས་ ཁོང་གི་ འཚོ་བའི་གནས་སྟངས་དང་ ལམ་ལུགས་སྲོལ་སྐོར་ ཤེས་རྟོགས་མེདཔ་ཨིན་མས།
ཨིན་རུང་ སྤྱི་ལོ་༢༠༡༦ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ལ་ཡ་ལུ་ ལ་གོང་གསུམ་གྱི་ ལམ་སྲོལ་དང་ འཚོ་བ་ལ་ནོར་གཡག་ལུ་ བརྟེན་སྡོད་མི་ཚུ་གི་སྐོར་ལས་ ཡོངས་གྲགས་བཟོ་ནི་དང་ ཁོང་གི་ སྔར་སྲོལ་ལམ་ལུགས་ མི་ཉམས་གོང་འཕེལ་གཏང་ཐབས་ལུ་ རྒྱལ་འཛིན་ལ་ཁའི་དགའ་སྟོན་ འགོ་བཙུགས་གནང་ཞིནམ་ལས་ཚུར་ རྫོང་ཁག་༡༠ གྱི་ ལ་གོང་གསུམ་གྱི་ མི་སྡེ་ཚུ་གིས་ རང་སོའི་ལམ་སྲོལ་དང་ བརྩི་མཐོང་ ཁྱད་ཆོས་བཟང་པོ་ཚུ་ གསལ་སྟོན་འབད་ཚུགསཔ་མ་ཚད་ འོང་འབབ་བཟོ་ནི་གི་ གོ་སྐབས་ཡང་ ཐོབ་མི་ལུ་བརྟེན་ ལ་གོང་གསུམ་གྱི་ མི་སྡེ་ཚུ་ལུ་ ཁེ་ཕན་སྦོམ་བྱུང་སྟེ་འདུག།
དུས་ཅི་ སྤྱི་ཟླ་༡༠ པའི་ཚེས་༢༣ དང་༢༤ ལུ་ དགའ་སྟོན་བརྩི་སྲུང་འབད་བའི་སྐབས་ལུ་ཡང་ རྫོང་ཁག་༨ ཀྱི་ ལ་གོང་གསུམ་གྱི་ མི་སེར་༡,༨༠༠ དེ་ཅིག་གིས་ བཅའ་མར་གཏོགས་ཐོག་ལས་ རང་སོའི་བརྩི་མཐོང་དང་ རིག་རྩལ་ ཤེས་ཡོན་ དེ་ལས་ ལ་མཐོ་སའི་ མི་སྡེ་དང་འབྲེལ་བའི་ གནད་དོན་ཚུ་ བརྗེ་སོར་འབད་བ་གིས་མ་ཚད་ ཕྱིའི་ལྟ་བཤལཔ་ལེ་ཤ་ཅིག་གིས་ཡང་ ལ་ཡ་དང་ ལུང་ནག་ནང་གི་ སྔར་སྲོལ་ལམ་ལུགས་ མ་འདྲཝ་ག་དེ་སྦེ་ཡོདཔ་ཨིན་ན་ བལྟ་ནི་གི་ གོ་སྐབས་ཐོབ་ནུག།
དགའ་སྟོན་དེ་གིས་ ན་གཞོན་སློབ་ཕྲུག་བུཚ་དང་ བུམོ་ཚུ་ལུ་ རང་སོའི་ལྕོགས་གྲུབ་དང་ རིག་རྩལ་རྐྱངམ་གཅིག་མེན་པར་ ན་གཞོན་ལས་འགོ་བཙུགས་ ན་ལོན་ཚུན་ཚོད་ ལམ་ཀི་ལོ་མི་ཊར་༢༥ བང་རྒྱུག་ཐོག་ རང་སོའི་ལྕོགས་གྲུབ་ཚུ་ གསལ་སྟོན་འབད་ནིའི་ གོ་སྐབས་ཚུ་ བྱིནམ་ཨིན་མས།
འདི་བཟུམ་མའི་ དགའ་སྟོན་བརྩི་སྲུང་འབད་མི་དེ་གིས་ ང་བཅས་རའི་ ལ་མཐོ་སར་སྡོད་མི་ མི་སྡེ་ཚུ་ཡང་ འཛམ་གླིང་གཅིག་གྱུར་འགྱོ་བའི་ ནམ་དུས་ལུ་ རྒྱབ་བསྐྱུར་བཞག་ཐབས་མེད་པའི་ བརྡ་མཚོན་སྟོན་མི་དེ་ཡང་ ལ་གོང་གསུམ་གྱི་ མི་སྡེ་ཚུ་ བྱང་ཕྱོགས་ཀྱི་ ས་མཚམས་བདའ་སྟེ་ སྡོད་མི་ལུ་བརྟེན་ རྒྱལ་ཁབ་ཀྱི་ རང་བཙན་དང་ སྲུང་སྐྱོབ་ཀྱི་དོན་ལུ་ ས་མཚམས་སྲུང་མི་ཨིནམ་ལས་ ང་བཅས་ཀྱིས་ ཁོང་ལུ་ བརྩི་མཐོང་བསྐྱེད་དགོཔ་འདི་ ག་ནི་བ་གལ་ཆེ།
དེ་གི་ནང་དོན་ཉིད་ལས་ ལ་ཁ་མཐོ་སའི་ ས་ཁོངས་ཚུ་ནང་ སྐྱེ་ལྡན་སྣ་ཚོགས་ཡོད་པའི་ཁར་ རྒྱལ་ཡོངས་གླིང་ཁ་༤ དང་ རི་དྭགས་སྲུང་སྐྱོབ་ས་ཁོང་༢ དེ་ལས་ རྒྱལ་ཁབ་ཀྱི་ རང་བཞིན་སྲུང་སྐྱོབ་ས་ཁོངས་ཟེར་རུང་ ལ་མཐོ་སར་མ་གཏོགས་ གཞན་ཁར་མེདཔ་ཨིན། ད་རུང་ རྒྱལ་ཁབ་ནང་ ཆུར་བརྟེན་གློག་མེ་འཕྲུལ་ཁང་ཚུ་ གཞི་བཙུགས་འབད་དེ་ཡོད་མི་ཚུ་ཡང་ ལ་མཐོ་སའི་ ས་གནས་ཚུ་ལས་ གཙང་ཆུ་ཚུ་ བབས་ནི་དེ་གིས་ཨིན།
དེ་གིས་མ་དོ་བར་ ལ་མཐོ་སའི་ མི་སེར་ཚུ་ འཚོ་བ་ནོར་ལུ་ བརྟེན་སྡོད་དོ་ཡོདཔ་ལས་ རྩྭ་འབྲོག་ཡོངས་བསྡོམས་ས་ཆ་ཨེ་ཀར་ས་ཡ་༡.༣ ཡོད་མི་དེ་ འཛམ་གླིང་ནང་ ཨང་༣ པ་སྦེ་ ཐོན་ཏེ་ཡོདཔ་ད་ སྤྱི་ལོ་༢༠༡༧ གྱི་ གནས་སྡུད་དང་འཁྲིལཝ་ད་ རྫོང་ཁག་༡༡ ནང་ ལ་ནོར་གཡག་གསོ་སྐྱོང་འབད་མི་ ཁྱིམ་གུང་༡,༡༥༦ ལུ་ གཡག་༤༠,༤༣༨ ཡོདཔ་བཞིན་དུ་ རྒྱལ་འཛིན་ལ་ཁའི་དགའ་སྟོན་གྱིས་ འཚོ་བ་གཡག་ལུ་བརྟེན་ སྡོད་མི་ཚུ་གི་དོན་ལས་ སྒོ་ནོར་འགྲེམས་སྟོན་དང་ ཐོན་སྐྱེད་དྲག་ཤོས་ཚུ་ ངོས་འཛིན་འབད་དེ་ གསོལ་རལ་བྱིན་མི་དེ་གིས་ཡང་ ལ་ནོར་གསོ་སྐྱོང་འཐབ་མི་ཚུ་ལུ་ སེམས་ཤུགས་ཐེབས་བསྐྱེད་བཅུགཔ་མས།
མ་གཞི་ གཞུང་གིས་ སྤྱི་ལོ་༢༠༠༤ ལས་ཚུར་ དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབད་ཆོགཔ་ བཟོ་མི་དེ་གིས་ ལ་མཐོ་སར་ སྡོད་མི་ཚུ་གི་དོན་ལས་ འོང་འབབ་གཙོ་ཅན་ཅིག་ལུ་ གྱུར་ཡོདཔ་ལས་ ལ་ཡ་དང་ ལུང་ནག་ནང་བཟུམ་མའི་ མི་སྡེ་ཚུ་གི་ འཚོ་བའི་གནས་སྟངས་ ཡར་དྲག་སོང་སྟེ་ཡོད་རུང་ རྒྱལ་འཛིན་ལ་ཁའི་དགའ་སྟོན་ལུ་བརྟེན་ ལྷག་པར་དུ་ འོང་འབབ་བཟོ་ནི་ལུ་ ཕན་ཁྱད་སྦོམ་བྱུང་སྟེ་ཡོདཔ་བཞིན་དུ་ ལ་གོང་གསུམ་གྱི་ མི་སེར་ཚུ་གིས་ རེ་བ་བསྐྱེད་དོ་བཟུམ་ ལ་ཁའི་དགའ་སྟོན་དེ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་དགོཔ་དེ་ གལ་ཆེཝ་སྦེ་མཇལཝ་མས།
Check Also
ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།
༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …