༉ རྒྱལ་འཛིན་ཐགས་རིག་སློབ་སྡེའི་ ལས་འགུལ་གོ་རིམ་༤ ཡོད་པའི་གྲས་ལས་ གོ་རིམ་༣ པ་དེ་ སྤྱི་ཟླ་༡༡ པའི་ཚེས་༦ ལུ་ རྒྱལ་འཛིན་ཐགས་རིག་སློབ་སྡེའི་སྐྱབས་འཛིན་ མི་དབང་རྒྱལ་ཡུམ་སངས་རྒྱས་ཆོས་སྒྲོན་དབང་ཕྱག་མཆོག་གིས་ འགོ་འབྱེད་མཛད་གནང་ཡི།
རྒྱལ་འཛིན་ཐགས་རིག་སློབ་སྡེའི་ ལས་འགུལ་གྱི་གཞི་བཀོད་དེ་ཡང་ མཐུན་པ་སྤུན་བཞི་ལུ་ གཞི་བཞག་སྟེ་ཡོདཔ་ད་ གོ་རིམ་དང་པ་དེ་ བྱ་ཨིནམ་ད་ དེ་ནང་ ཐགས་རིགས་འགྲེམ་སྟོན་ཁང་ཨིནམ་བཞིན་དུ་ གོ་རིམ་༢ པ་ རི་བོང་ཨིན་མི་ དེ་ནང་ ཐགས་རིག་སློབ་སྡེ་དང་ ཉམས་སྲུང་ལྟེ་བ་ཨིནམ་ད་ དེ་ཡང་ རང་ལུགས་ཐགས་ཀྱི་ཁྱད་ཆོས་ ཉམས་སྲུང་དང་གོང་འཕེལ་གཏང་ནིའི་དོན་ལུ་ཨིན་པས།
དེ་བཟུམ་སྦེ་ ད་ལྟོ་བསྒྲུབས་ཡོད་མི་ ལས་འགུལ་གོ་རིམ་༣ པ་དེ་ སྤྱ་དེ་ཨིནམ་བཞིན་དུ་ དེ་ནང་ ཡིག་ཚང་ཚུ་ཡོདཔ་ད་ མཇུག་ར་བཟོ་སྐྲུན་འབད་ནི་ཨིན་མི་ གོ་རིམ་༤ པ་དེ་ གླངམོ་ཆེ་ཨིནམ་ད་ དེ་ནང་ ལྷན་འཛོམས་ཁང་སྦོམ་ཅིག་ བཟོ་སྐྲུན་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།
ལས་འགུལ་གོ་རིམ་༣ པ་དེ་ ཡིག་ཚང་ཁག་སྦེ་ གླ་ཁར་གཏང་ནི་ཨིནམ་ད་ དེ་ལུ་བརྟེན་ ཐགས་རིག་སློབ་སྡེ་ ཡུན་བརྟན་བཞག་ནི་ལུ་ ལྷན་ཐབས་འབད་ནིའི་དོན་ལས་ཨིནམ་ད་ དེ་བཞིན་དུ་ གོ་རིམ་༤ པ་དེ་ཡང་ ལྷན་འཛོམས་ཁང་སྦོམ་སྦེ་ རྐྱབ་ནི་ཨིནམ་ད་ ཐུན་རྐྱེན་ག་ར་ཚངམ་སྦེ་ཡོད་པའི་ ལྷན་འཛོམས་ཁང་དེ་ རྒྱལ་ཁབ་ནང་ སྦོམ་ཤོས་ཅིག་འོང་ནི་ཨིན་རུང་ ད་ལྟོ་ བཟོ་སྐྲུན་འབད་ནིའི་དོན་ལུ་ དགོས་མཁོ་ཆེ་བའི་ གྲོས་བསྟུན་ཚུ་འབད་བའི་བསྒང་ཡོདཔ་ད་ དེ་གིས་ཡང་ ཐགས་རིགས་སློབ་སྡེ་ ཡུན་བརྟན་བཞག་ནིའི་དོན་ལུ་དང་ གཞན་རིག་རྩལ་༡༢ གོང་འཕེལ་གཏང་ནིའི་དོན་ལུ་ཨིན་པས།
ལས་འགུལ་གོ་རིམ་༣ པ་ འགོ་འབྱེད་འབདཝ་དང་འབྲེལ་ རྒྱལ་འཛིན་ཐགས་རིགས་སློབ་སྡེའི་ ལོ་བསྟར་བཟོ་བཀོད་དང་ སྒྱུ་རྩལ་འགྲན་བསྡུར་ཐེངས་༡༧ པ་ འགོ་འདྲེན་འཐབ་ཡོདཔ་ད་ ད་རེས་ཀྱི་ འགྲན་བསྡུར་ནང་ གོ་དང་དཀྱི་ར་ འཚེམ་དྲུབ་ རང་ལུགས་ཚོན་རིས་ དེ་ལས་ དེང་སང་གི་ཚོན་རིས་ཚུའི་བར་ན་ འགྲན་བསྡུར་འགོ་འདྲན་འཐབ་ཡོདཔ་ཨིན་པས།
རྒྱལ་འཛིན་ཐགས་རིག་སློབ་སྡེའི་ བཀོད་ཁྱབ་མདོ་ཆེན་ རིག་འཛིན་ཨོ་རྡོ་རྗེ་གིས་ སླབ་མིའི་ནང་ འགྲན་བསྡུར་འགོ་འདྲེན་འཐབ་དགོ་མི་དེ་ཡང་ ལག་ཤེསཔ་ངོས་འཛིན་འབད་ནིའི་དོན་ལུ་ཨིནམ་མ་ཚད་ ཁོང་གི་རིག་རྩལ་ གསལ་སྟོན་འབད་ནིའི་སེམས་ཤུགས་ བྱིན་ནིའི་དོན་ལུ་ འཁྲབ་སྟེགས་ཅིག་ཨིན་པའི་ཁར་ རིག་རྩལ་གོང་འཕེལ་གཏང་ནིའི་དོན་ལུ་ཨིན་ཟེར་ ཨིན་པས།
མོ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ཚོད་ སློབ་སྡེ་དེ་ནང་ལས་ མི་༣༠༠ ལྷགཔ་ཅིག་ལུ་ ཐགས་འཐག་ནིའི་ སྦྱོང་བརྡར་བྱིན་ཡོདཔ་མ་ཚད་ སློབ་གྲྭའི་ངལ་གསོ་དུས་ཚོད་ཁར་ སློབ་ཕྲུག་ཚུ་ལུ་ཡང་ གོ་སྐབས་བྱིན་ཏེ་ཡོདཔ་མ་ཚད་ རྒྱལ་ཁབ་ནང་འཁོད་དང་ ཕྱི་རྒྱལ་ཁབ་ཀྱི་ སློབ་གྲྭ་ནང་ལས་ཡང་ སློབ་ཕྲུག་ལྟ་སྐོར་གྱི་ ལས་རིམ་འགོ་འདྲེན་འཐབ་ནི་ཡོད་མི་ཚུ་ མཐར་འཁྱོལ་ཅན་གྱི་ ལས་རིམ་ཅིག་ལུ་ གྱུར་ཏེ་ཡོད་ཟེར་ཨིན་པས།
ཨིན་རུང་ ན་གཞོན་ཚུ་ལུ་ ཐགས་འཐག་ནིའི་དུས་ཡུན་རིངམོ་ལས་ ཐགས་ནང་འབྲེལ་གཏོགས་འབད་བཅུག་ནི་དེ་ ལཱ་ཁག་བཏང་རུང་ ཐབས་ལམ་བཏོན་ཏེ་ ག་ར་བཅའ་མར་གཏོགས་བཅུག་དོ་ཟེར་ཨིན་པས།
འགྲན་བསྡུར་ནང་ དཀྱི་རའི་དབྱེ་ཁག་ནང་ལས་ ཨང་དང་པ་ཐོན་མི་ པདྨ་དགའ་ཚལ་ལས་ འཕྲིས་ཆོས་སྒྲོན་ཨིནམ་ད་ མོ་གིས་ སླབ་མིའི་ནང་ མོ་ར་ ལོ་ན་ཆུང་ཀུའི་བསྒང་ལས་ར་ མོ་རའི་ཨའི་ལས་ སྐེད་རགས་འཐག་ནི་ལས་ འགོ་བཙུགས་ཏེ་ ཐགས་ལྷབ་ཡོདཔ་ད་ ད་ལྟོ་མོ་གིས་ དཀྱི་རའི་བཀོད་རིས་ ག་ཅི་བཟུམ་ཡང་ འཐག་ཚུགས་ཟེར་ཨིན་པས།
རྒྱལ་འཛིན་ཐགས་རིགས་སློབ་སྡེ་གིས་ དེ་བཟུམ་མིའི་ འགྲན་བསྡུར་འགོ་འདྲེན་འཐབ་མི་ལུ་བརྟེན་ མོ་ལུ་ གོ་སྐབས་ལེགས་ཤོམ་ཅིག་ ཐོབ་ཡོདཔ་མ་ཚད་ ཐགས་ལུ་སྤྲོ་བ་ཐེབས་བསྐྱེད་བཅུག་སྟེ་ཡོདཔ་ལས་ བཀྲིན་དགའ་ཚོར་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ གོ་གི་དབྱེ་ཁག་ནང་ བསམ་གྲུབ་ལྗོངས་མཁར་ལས་ ཨྱོན་གཡུ་སྒྲོན་གྱིས་ ཨང་༢ པ་ ཐོན་ཡོདཔ་ད་ མོ་གིས་ སླབ་མིའི་ནང་ ཐགས་རིག་སློབ་སྡེ་གིས་ རང་ལུགས་ཀྱི་ཐགས་རིགས་གོང་འཕེལ་གཏང་ནིའི་དོན་ལས་ དེ་བཟུམ་གྱི་ འགྲན་བསྡུར་འགོ་འདྲེན་འཐབ་ཡོདཔ་ལས་ སྤྲོ་བ་བསྐྱེད་དེ་ ལོ་༥ དེ་ཅིག་ རྒྱུན་མ་ཆད་པར་ བཅའ་མར་གཏོགས་ཅི་ཟེར་ཨིན་པས།
མོ་གིས་ དཀྱི་ར་ཤིང་ལོ་ཅནམ་འཇའ་སྒྲིག་མ་ འཐགས་ཡོདཔ་ལས་ ཨང་༢ པ་ ཐོན་ཡོདཔ་ད་ དཀྱི་ར་དེ་ འཐག་ནིའི་དོན་ལུ་ འཐག་གླ་དངུལ་ཀྲམ་༡༠༠,༠༠༠ ཨིནམ་ད་ འཐག་པའི་སྐབས་ལུ་ཡང་ ལཱ་ཁག་ཡོད་ཟེར་ཨིན་པས།
ཀྲོང་གསར་ལས་ པདྨ་དབང་འདུས་ཀྱིས་ འཚེམ་དྲུབ་འཐུ་ནིའི་ནང་ ཨང་༢ པ་ཐོན་ཡོདཔ་ད་ ཁོ་གིས་ བཀྲིས་རྟགས་བརྒྱད་ཡོད་པའི་ རས་ཁེབས་ཅིག་ འཚེམ་དྲུབ་འཐུ་ཡོདཔ་ད་ ཁོ་ར་ འཚེམ་དྲུབ་འཐུ་ནིའི་ལཱ་འབད་དེ་ ལོ་ངོ་༢༠ ལྷགཔ་ཅིག་ སོང་ཡོདཔ་ཨིན་པས།
ཁོ་གིས་ འགྲན་བསྡུར་ནང་ ཐེངས་༣ པ་ བཅའ་མར་གཏོགས་ཡོདཔ་ད་ ཐེངས་༣ ཆ་རའི་ནང་ ཨང་༢ པ་ ཐོན་ཡོདཔ་བཞིན་དུ་ ད་ལས་ཕར་ཡང་ འཕྲོ་མཐུད་དེ་ར་ བཅའ་མར་གཏོགས་ནི་ཟེར་ཨིན་པས།
རྒྱལ་འཛིན་ཐགས་རིགས་སློབ་སྡེ་གིས་ འགོ་འདྲེན་འཐབ་མི་ འགྲན་བསྡུར་དེའི་དོན་ལུ་ ན་ཧིང་ཚུན་ སྲོལ་འཛིན་ལས་ཁུངས་ཀྱིས་ མ་དངུལ་གྱི་ རྒྱབ་སྐྱོར་འབད་ཡོདཔ་ད་ ན་ཧིང་ལས་ རྒྱབ་སྐྱོར་ཁ་སྐོང་སྦེ་ ཨ་མི་རི་ཀ་ལས་ ཨེ་ལེན་བཱ་ཀིལ་དང་ ཨམ་སྲུ་༢ ཀྱིས་ ཐགས་རིགས་ལུ་ སྤྲོ་བ་སྦོམ་བསྐྱེད་དེ་ ལམ་སྲོལ་རྒྱུན་སྐྱོང་འཐབ་ནི་དང་ ལག་ཤེསཔ་ཚུ་ བློ་སྟོབས་བསྐྱེད་བཅུག་ནིའི་དོན་ལུ་ ལོ་༥ འི་རིང་ ལོ་བསྟར་བཞིན་དུ་ གསོལ་རས་བྱིན་ནིའི་དོན་ལུ་ ཡུ་ཨེས་ཌོ་ལར་༢༤,༠༠༠ གྲོགས་རམ་བྱིན་ཡོདཔ་ཨིན་པས།
དུས་ཅིའི་ འགྲན་བསྡུར་ནང་ལས་ ཨང་དང་པ་ཐོན་མི་ལུ་ དངུལ་རྐྱང་གི་ གསོལ་རས་དངུལ་ཀྲམ་༡༢༠,༠༠༠ དང་ ཨང་༢ པ་ལུ་ དངུལ་ཀྲམ་༦༥,༠༠༠ དེ་ལས་ ཨང་༣ པ་ཐོན་མི་དེ་ལུ་ དངུལ་ཀྲམ་༣༢,༥༠༠ དང་ ལག་ཁྱེར་ཚུ་ མི་དབང་རྒྱལ་ཡུམ་མཆོག་གི་གནང་ཡི།
རྒྱལ་འཛིན་ཐགས་རིག་སློབ་སྡེ་དེ་ རྒྱ་ཚད་ཕིཊ་གྲུ་བཞི་༣༤,༦༥༦ ཡོདཔ་ད་ ད་ལྟོ་ཚུན་ཚོད་ བརྒྱ་ཆ་༤༧ དེ་ཅིག་ ཡིག་ཚང་གི་དོན་ལུ་ གླ་ཁར་བཏང་ཡོད་པའི་གནས་ཚུལ།
ཉིམ་རྡོ་རྗེ།